2330

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་གྲགས
Tibetan Definition སློབ་དཔོན་ཕྱོགས་ཀྱི་གླང་པོའི་སློབ་མ་རིགས་པའི་དབང་ཕྱུག་དཔལ་ཆོས་ཀྱི་གྲགས་པ་ནི། རྒྱ་གར་ལྷོ་ཕྱོགས་རྒྱལ་དབང་གཙུག་གི་ནོར་བུ་ཞེས་བྱ་བའི་མུ་སྟེགས་ཀྱི་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། ཆུང་ངུ་ནས་སྒྲ་ལེགས་པར་འབྱོངས། ནང་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་སྦྱངས་པ་མཛད་ཅིང་། སློབ་དཔོན་དབང་ཕྱུག་སྡེ་ལ་ཚད་མ་ཀུན་ལ་བཏུས་པ་ལན་གསུམ་གསན། དེ་ནས་སློབ་དཔོན་གྱིས་གྲངས་ཅན་གྱི་གྲུབ་མཐའི་གསང་ཚིག་རྣམས་རྟོགས་པའི་དོན་དུ་བྲན་དུ་བརྫུས་ཏེ། ཞང་པོའི་ཆུང་མའི་གཡོག་བྱས་ནས་མགུ་བར་བྱས་ཏེ། གྲུབ་མཐའི་གནད་ལ་འདི་འདྲ་འདྲི་དགོས་བྱས་པས། འདོད་པ་སྤྱོད་པའི་ཚེ་དྲི་ཡི་ཁྱོད་རང་ཡིད་ལ་ཟུངས་ཤིག་ཟེར་ནས། མོའི་རྐང་པ་ལ་ཐག་པ་བཏགནས་ནས་གང་དཀའ་བ་དེ་ལ་ཐག་པ་ནས་འཐེན་ནས་ལེགས་པར་ཤེས་པར་བྱས་ཏེ་རྩོད་པས་མུ་སྟེགས་ཐམས་ཅད་ཚར་བཅད་དེ་ཆོས་ལ་བཀོད། བསྟན་བཅོས་ཀྱང་། ཚད་མ་རྣམ་འགྲེལ། རྣམ་ངེས། རིགས་ཐིག གཏན་ཚིགས་ཐིག་པ། འབྲེལ་བ་བརྟག་པ། རྒྱུད་གཞན་གྲུབ་པ། རྩོད་པའི་རིགས་པ་བཅས་ཚད་མ་སྡེ་བདུན་དང་། རྣམ་འགྲེལ་ལེའུ་དང་པོའི་རང་འགྲེལ་བཅས་བརྩམས་སོ། །བསྟན་བཅོས་རྣམས་མཁས་པའི་གྲྭ་སར་འགྲིམས་པས་ཕལ་ཆེར་གྱིས་མ་ཤེས་སོ། །ལ་ལས་ཤེས་ཀྱང་ཕྲག་དོག་གིས་ཉེས་སོ་ཞེས་བསྒྲགས་ཏེ་ཁྱིའི་མཇུག་མ་ལ་བཏགས་པས། སློབ་དཔོན་གྱིས། ཁྱི་གྲོང་དང་སྲང་ལམ་ཀུན་ཏུ་རྒྱུ་བ་བཞིན་བསྟན་བཅོས་ཀྱང་དར་བར་འགྱུར་རོ། །ཞེས་གསུངས་ནས་རྣམ་འགྲེལ་གྱི་འགོར། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས། །དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་། །ཡོངས་གྱུར་དེས་ན་བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད། །སེམས་ནི་ཡུན་རིང་ལེགས་བཤད་གོམ་པ་ལྷུར་ལེན་བསྐྱེད་ཕྱིར་འདི་ལ་དགའ་བ་བསྐྱེད། །ཅེས་པ་བཅུག་གོ་ཞེས་གྲག་གོ།