2342

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་དཀོན་མཆོག
Tibetan Definition བསམ་དུ་མེད་པ་ལ་སོགས་པའི་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་འཕགས་རྒྱུད་ཀྱི་རྣམ་བྱང་བདེན་པ་དེ། ཆོས་དཀོན་མཆོག་གི་མཚན་ཉིད། སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། ཀུན་རྫོབ་པའི་ཆོས་དཀོན་མཆོག་དང་། དོན་དམ་པའི་ཆོས་དཀོན་མཆོག་གཉིས་ལས། དང་པོ་ནི། གསུང་རབ་ཡན་ལག་བཅུ་གཉིས་ལྟ་བུ། གཉིས་པ་ནི། འགོག་བདེན་དང་ལམ་བདེན་ལྟ་བུ། ཐེག་ཆེན་གྱི་ཆོས་དཀོན་མཆོག་ཆོས་ཅན། ཡོན་ཏན་བརྒྱད་དང་ལྡན་ཏེ། མུ་བཞིར་རྟོག་གེ་པའི་བློས་ཇི་ལྟ་བ་བཞིན་དུ་བསམ་དུ་མེད་པའི་ཡོན་ཏན། ལས་ཉོན་ཅི་རིགས་པ་མེད་པ། ཚུལ་མིན་ཡིད་བྱེད་ཀྱི་རྣམ་པར་རྟོག་པ་མེད་པ། ལམ་གྱི་ངོ་བོ་སྒྲིབ་པ་དང་མ་འདྲེས་པས་དག་པ། གསལ་བ་ཇི་ལྟ་བ་དང་ཇི་སྙེད་པ་རིག་པ། མི་མཐུན་ཕྱོགས་ཀྱི་གཉེན་པོ་བྱེད་པའི་ཡོན་ཏན། གང་ཞིག་ལ་ཆགས་པ་དང་བྲལ་བའི་འགོག་བདེན་གྱི་ཡོན་ཏན། གང་གིས་ཆགས་པ་དང་བྲལ་བར་བྱེད་པ་ལམ་བདེན་གྱི་ཡོན་ཏན་རྣམས་དང་ལྡན་པའི་ཕྱིར་ཏེ། བླ་རྒྱུད་བླ་མ་ལས། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་གསུངས་པའི་ཕྱིར། དེ་ཡང་བསྡུ་ན་གཉིས་སུ་འདུ་སྟེ། དང་པོ་གསུམ་འགོག་བདེན་གྱི་ཡོན་ཏན་དང་། ཕྱི་མ་གསུམ་ལམ་བདེན་གྱི་ཡོན་ཏན་ཡིན་པའི་ཕྱིར་ཏེ། དེ་ཉིད་ལས། ཆགས་བྲལ་གཉིས་ནི་འགོག་པ་དང་། །ལམ་གྱི་བདེན་པ་དག་གིས་བསྡུས། །ཞེས་གསུངས་པའི་ཕྱིར།