2392

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་སྐུ
Tibetan Definition <དྷརྨ་ཀཱ་ཡ> (དགེ་ལུགས) ཆོས་ཀྱི་སྐུ་ལ་གཉིས་ཏེ། ཆོས་ཉིད་རྟོགས་པའི་ཆ་ནས་ཆོས་སྐུ་དང་། ཆོས་ཉིད་ཡིན་པའི་ཆ་ནས་ཆོས་སྐུར་བཞག་པ་གཉིས་ཏེ། དང་པོ་ནི། དྲི་མ་མཐའ་དག་གིས་དབེན་པའི་སངས་རྒྱས་ཀྱི་ཐུགས་ཟག་པ་མེད་པའི་ཡེ་ཤེས་ལྟ་བུ། གཉིས་པ་ནི། དེའི་ཆོས་ཉིད་ལྟ་བུ། ཡང་འཆི་བ་འོད་གསལ་ལའང་ཆོས་སྐུ་ཞེས་ཐ་སྙད་སྦྱར་བ་ཡོད་དེ། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་༩༣བ༥ལས། གཞི་དུས་ལ་འཆི་བའི་ཚེ་སྔར་གྱི་དེ་དག་ཐིམ་པའི་འོག་ཏུ་རང་བཞིན་བརྒྱད་ཅུའི་རྟོག་པ་སྣང་བ་ལ་ཐིམ་དེ་སྣང་བ་མཆེད་པ་ལ་ཐིམ་དེ་ཉེར་ཐོབ་ལ་ཐིམ་དེ་ཡང་འོད་གསལ་བར་ཐིམ་ནས་འཆི་བ་འོད་གསལ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་པ་སྟེ། འོད་གསལ་དེའི་མིང་གི་རྣམ་གྲངས་གཞན་ཡང་མྱ་ངན་ལས་འདས་པ་དང་ཐམས་ཅད་སྟོང་པ་དང་ཆོས་ཀྱི་སྐུ་ཞེས་བྱ་བ་ཡིན་ནོ། །ཞེས་གསུངས་སོ། །ཡང་ཆོས་སྐུའི་འགྲེལ་བཤད་ལ། ཆོས་ནི་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་ཡིན་ལ། དེ་ལྟ་བུའི་ཡེ་ཤེས་དུ་མ་ཚོགས་པ་ལ། ཆོས་ཀྱི་སྐུའམ་ཆོས་ཀྱི་ཚོགས་ཞེས་བྱ་སྟེ། དེ་ཡང་སྐུའི་སྐད་དོད་ཀཱ་ཡ་ཞེས་པ་ཚོགས་པའི་དོན་ལ་འཇུག་པའི་ཕྱིར་རོ། །དེ་ཡང་དཀོན་མཆོག་གསུམ་གྱི་བསྟོད་པའི་འགྲེལ་པ་སློབ་དཔོན་རྒྱལ་བའི་སྲས་ཀྱིས་མཛད་པ་བསྟན་འགྱུར་༼ ཀ་པ ༽བསྟོད་ཚོགས་༡༠༧བ་ཕྲེང་༣ལས། དེའི་ཆོས་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་ཡེ་ཤེས་ཐ་དད་པ་དུ་མ་ཚོགས་པས་ན་ཆོས་ཀྱི་ཚོགས་ཡིན་ལ། ཆོས་ཀྱི་སྐུ་ཞེས་བྱ་བ་ནི་ཀཱ་ཡའི་སྒྲ་ཚོགས་ལ་འཇུག་པའི་ཕྱིར་རོ། །ཞེས་གསུངས་སོ། །ངེས་ཚིག་ནི། དྷརྨ་ཀཱ་ཡ། ཀཱ་ཡའི་དབྱིངས་ནི། ཙི་ཙ་ཡེ་ཞེས་པ་བསགས་པ་སྟེ། ཟག་མེད་ཀྱི་ཆོས་བསགས་པས་ན་ཆོས་སྐུའོ། །ཞེས་གསུང་ངོ་། ། (བཀའ་བརྒྱུད) གདོད་མ་ནས་རང་ཆས་སུ་ཡོད་པའི་སེམས་ཀྱི་ཆོས་ཉིད་ལ་ཟེར། ཡོན་ཏན་ནམ་ཆོས་ཐམས་ཅད་ཀྱི་འབྱུང་ཁུངས། རང་རིག་པའི་ཡེ་ཤེས་དྲི་མ་ཐམས་ཅད་དང་བྲལ་བ་ཡེ་གདོད་མའི་སངས་རྒྱས་སོ། །