2463

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཇོ་བོ་མི་བསྐྱོད་རྡོ་རྗེ
Tibetan Definition མཉམ་མེད་ཐུབ་པའི་དབང་པོ་དགུང་ལོ་བརྒྱད་པའི་སྐུ་ཚད་ཇོ་བོ་མི་བསྐྱོད་རྡོ་རྗེར་གྲགས་པ་འདི་ཉིད། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་བལ་བཟའ་ཁྲི་བཙུན་གྱི་རྟེན་སྐལ་དུ་བལ་ཡུལ་ནས་དུས་རབས་བདུན་པའི་དྲངས་པའི་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་རྩ་ཆེན་ཞིག ཐོག་མར་སྐུ་འདྲ་འདི་བལ་བཟས་བཞེངས་པའི་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ངམ། དེ་ཡང་ཇོ་ཁང་དུ་གྲགས་པ་དེར་བཞུགས་ནའང་། ཕྱིས་དབོན་སྲས་ཏེ་ཚ་བོ་མང་སྲོང་མང་བཙན་གྱི་དུས་སུ། རྒྱ་དམག་བྱུང་བ་ན་དེའི་འཇིགས་པས་མང་ཡུལ་ཕྱོགས་སུ་བསྐྱལ་ནས་སྦས་ཟེར་བ་དང་། ཡང་འགའ་ཞིག་གིས་ཟེར་ན་བོན་ལ་དགའ་བའི་བློན་པ་དག་གིས་དེའི་ཕྱོགས་སུ་བསྐྱལ་ཟེར་བའི་ལོ་རྒྱུས་མི་འདྲ་བ་གཉིས་ཡོད་ཅིང་། གང་ལྟར་དེ་ནས་གདན་དྲངས་སྐབས་ཇོ་ཤཱཀ་རྣམས་གཉིས་བཞུགས་ཡུལ་བརྗེ་བོ་ཐེབས་ནས། དེ་སང་ཇོ་བོ་མི་བསྐྱོད་རྡོ་རྗེ་སྔོན་རྒྱ་བཟའ་ཀོང་ཇོས་བཞེངས་པའི་རྒྱ་བཏབ་ར་མོ་ཆེའི་གཙུག་ལག་ཁང་ན་བཞུགས་སོ། །ཇོ་ཤཱཀ་རྣམ་གཉིས་ཞེས་གྲགས་པ་ཡང་། ཇོ་བོ་ཤཱཀྱ་མུ་ནི་དང་། ཇོ་བོ་མི་བསྐྱོད་རྡོ་རྗེ་གཉིས་ལ་ཞུ་བ་ཡིན། ཇོ་ཤཱཀ་རྣམ་གཉིས་མཇལ་མ་མྱོང་བའི་སྐྱེ་བོ་བསོད་ནམས་དམན་པ་ང་དང་ང་འདྲ་བ་མང་པོས་མི་བསྐྱོད་རྡོ་རྗེ་ཞེས་པའི་མཚན་ལ་འཁྲུལ་ནས་འདི་ལྷ་ཅི་འདྲ་ཞིག་གི་སྐུ་འདྲ་ཡིན་སྙམ་པའི་དོགས་པ་སྐྱེ་བ་སྲིད་མོད། འོན་ཀྱང་དེ་གཉིས་ནི་སྟོན་པའི་ཤཱཀྱ་ཐུབ་པ་ཉིད་ཀྱི་སྣང་བརྙན་ཡིན་པ་རྒྱལ་མཆོག་ལྔ་པས་མཛད་པའི་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་དཀར་ཆག་ཤེལ་དཀར་མེ་ལོང་ན་གསལ་བ་ལྟར་རོ། །ར་མོ་ཆེའི་གཙུག་ལག་ཁང་ལ་རྒྱ་བཏབ་ར་མོ་ཆེ་ཞེས་པ་ཡང་། རྒྱ་བཟས་ཕྱག་བཏབ་པའམ་བཞེངས་པའི་རྒྱུ་མཚན་གྱིས་ཡིན་པར་སེམས་སོ། །