2465

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ
Tibetan Definition མཚན་གཞན་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཞེས་བྱ་བ་འདི་ཇོ་བོའི་རབ་བྱུང་གི་མཚན་ཡིན། བསྒྱུར་ན་དཔལ་མར་མེ་མཛད་ཡེ་ཤེས་ཞེས་བྱའོ། །ལྷ་བླ་མ་བྱང་ཆུབ་འོད་ཀྱིས། ཇོ་བོ་ཆེན་པོ་ལ་ཨ་ཏི་ཤ་ཞེས་མཚན་གསོལ་བ་ཡིན་ལ། དེ་ནི་ཤིན་ཏུ་ཞི་བའམ་ཕུལ་དུ་བྱུང་བ་ཞེས་པའི་དོན་ཡིན། དེ་ལྟར་བརྗོད་པའི་རྒྱུ་མཚན་ནི། བཀའ་གདམས་ཆོས་འབྱུང་ཆེན་མོ་ལས། ཇོ་བོ་ཆེན་པོ་འདི་ཉིད་མཁྱེན་པ་དང་ཐུགས་རྗེ་ཕུལ་དུ་བྱུང་བ་ཉིད་ཀྱིས་པཎྜི་ཏ་གཞན་ལས་ཁྱད་པར་དུ་འཕགས་ཤིང་། བསྟན་པ་རིན་པོ་ཆེ་ཆེས་ཆེར་གསལ་བར་ནུས་པ་ཉིད་དུ་མཐོང་ནས། ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཨ་ཏི་ཤ་ཞེས་མཚན་གསོལ་བ་ཡིན་ཏེ། དོན་ནི་ཕུལ་དུ་བྱུང་བའོ། །ཞེས་གསུངས་སོ། །རྒྱ་གར་ཤར་ཕྱོགས་ཟ་ཧོར་རམ་བྷངྒ་ལའི་ཡུལ་ཏེ། དེང་སང་བྷང་ལ་དེཤBangladesh” ཞེས་པའི་ཡུལ་དེའི་གྲོང་གསེབ་Vajrayogini” འམ་རྡོ་རྗེ་རྣལ་འབྱོར་མཞེས་པའི་གྲོང་གསེབ་ཅིག་ཏུ་སྐུ་འཁྲུངས་པར་ཚོད་དཔག་བྱེད། གྲོང་གསེབ་དེ་ནི་Munshiganj District” ཞེས་བྱ་བའི་རྫོང་དེའི་བྱང་ཤར་གྱི་མཚམས་སུ་ཝི་ཀྲ་མ་པུརVikrampur” ཞེས་པའི་ས་ཁུལ་དུ་ཡོད་པ་སོགས་ཀྱི་བཤད་སྲོལ་ཞིག་འདུག་མོད། འོན་ཀྱང་དངོས་ཡོད་ཀྱི་ལོ་རྒྱུས་ཐོག་ཟ་ཧོར་གྱི་ཡུལ་འཁོར་ཆེན་པོ་མངའ་ཐང་རྒྱ་ནག་གི་རྒྱལ་པོ་དང་མཉམ་པའི་ཕོ་བྲང་གསེར་གྱི་རྒྱལ་མཚན་ཞེས་བྱ་བར་སྐུ་འཁྲུངས་པར་བཤད་པ་ལྟར་འཐད་དོ། །རྒྱུ་མཚན་ནི་ལོ་རྒྱུས་དེ་དག་ནི་དེང་སང་གསར་དུ་བྲིས་པའམ་གཞན་ཞིག་གིས་བྲིས་པ་མིན་གྱི་ཇོ་བོའི་དངོས་སློབ་ཀྱིས་བྲིས་པ་ཡིན་པས་ཅིས་ཀྱང་ཡིད་ཆེས་པའི་གནས་སུ་རིགས་སོ། །ཇོ་བོ་ཆེན་པོ་ནི་རྒྱལ་སྲིད་སྟོབས་འབྱོར་མངའ་ཐང་འགྲན་ཟླ་མེད་པའི་རྒྱལ་པོ་དགེ་བའི་དཔལ་དང་། བཙུན་མོ་དཔལ་གྱི་འོད་ཟེར་ཅན་ཞེས་བྱ་བ་གཉིས་ལ། སྲས་གསུམ་ཡོད་པ་ལས། རྗེ་བཙུན་འདི་ནི་འབྲིང་ཟླ་བའི་སྙིང་པོ་ཡིན་ནོ། །བསྟོད་པ་ལས། ལོ་ནི་ཉི་ཤུ་རྩ་གཅིག་ན། །སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང༌། །བཟོ་ཡི་གནས་ནི་ཐམས་ཅད་དང༌། །ལེགས་པར་སྦྱར་བའི་སྐད་དང་ནི། །ཚད་མ་ཀུན་ལ་མཁས་པ་ལགས། །ཞེས་གསུངས་པ་ལྟར། ཉེར་གཅིག་ཚུན་ལ་ཕྱི་པ་དང་ནང་པའི་རིག་པའི་གནས་ཐུན་མོང་བ་སྒྲ་དང་གཏན་ཚིགས་རིག་པ། བཟོ་དང་གསོ་བ་རིག་པ་བཞི་ལ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཏོ། །ཁྱད་པར་དུ་ལོ་བཅོ་ལྔ་བཞེས་པའི་ཚེ། རིགས་ཐིགས་ཚར་གཅིག་གསན་པས་ཕྱི་རོལ་པའི་རྟོག་གེ་པ་མཁས་པར་གྲགས་པ་ཞིག་དང་བརྩད་པས་དེ་ཕམ་པར་མཛད་པས་སྙན་པའི་གྲགས་པ་ཀུན་ཏུ་རྒྱས་སོ་ཞེས་གྲོ་ལུང་པ་ཆེན་པོ་གསུང་ངོ། །ཆུང་དུས་ནས་ཚེ་རབས་ཀྱི་ཡི་དམ་གྱི་ལྷ་རྗེ་བཙུན་སྒྲོལ་མའི་ཞལ་མངོན་སུམ་དུ་གཟིགས་ཤིང་། དེའི་མཐུས་རྒྱལ་སྲིད་དང་སྲིད་པའི་ཕུན་ཚོགས་རྣམས་ལ་ཆགས་པ་མེད་པར་མཆིལ་མའི་ཐལ་བ་བཞིན་དོར་ནས་བླ་མ་འཚོལ་དུ་ཕེབས་ནས། རྣལ་འབྱོར་པ་སྒྲ་གཅན་གསང་བའི་རྡོ་རྗེ་དང་། ཨ་བ་དྷཱུ་ཏཱི་པ་ལས་གསང་སྔགས་ཀྱི་ཆོས་མང་དུ་གསན་ཅིང་། ཕྱགས་ཕྱིར་ཡང་ལོ་བདུན་འབྲངས། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཡང་ལོ་གསུམ་དུ་མཛད། ཨུ་རྒྱན་གྱི་ཡུལ་དུ་ཕེབས་ནས་རྣམས་དང་ལྷན་ཅིག་ཚོགས་ལ་སྤྱོད་པ་ན། རྡོ་རྗེའི་གླུ་མང་པོ་གསན་ཏེ། དུས་ཕྱིས་ཡི་གེར་བཏབ་པའི་རྡོ་རྗེའི་གླུ་དེ་ལ་སོགས་པ་ལགས། རི་ནག་པོའི་གཙུག་ལག་ཁང་གི་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ཀྱཻ་རྡོ་རྗེའི་ཞལ་གཟིགས་ཤིང་རྡོ་རྗེ་མཁའ་འགྲོ་མས་ལུང་བསྟན་པ་ཐོབ་པའི་བླ་མ་རཱ་ཧུ་ལ་གུཔྟ་ལ་དབང་ཡོངས་སུ་རྫོགས་པར་ཞུས་ཤིང༌། གསང་མཚན་ཡེ་ཤེས་གསང་བའི་རྡོ་རྗེ་ཞེས་བྱ་བར་བཏགས་ཏེ་དགུང་ལོ་ཉེར་དགུ་ཚུན་ཆད་ལ་དངོས་གྲུབ་བརྙེས་པའི་བླ་མ་དུ་མའི་སྤྱན་སྔར་རྡོ་རྗེའི་ཐེག་པ་ལ་སྦྱངས་པས་གཞུང་དང་གདམས་ངག་མ་ལུས་པ་ལ་མཁས་པར་གྱུར་ཏེ། གསང་སྔགས་ལ་ང་ཉིད་མཁས་སོ་སྙམ་དུ་དགོངས་པ་བྱུང་བ་ན། ཌཱ་ཀི་མ་རྣམས་ཀྱིས་སྔགས་ཀྱི་གླེགས་བམ་སྔར་མཐོང་མ་མྱོང་བ་མང་པོ་མནལ་ལམ་དུ་བསྟན་ནས་ཐུགས་རྒྱལ་བཅག་གོ། དེ་ལྟར་གསང་སྔགས་ཀྱི་གྲུབ་པ་མཆོག་ལ་གནས་པའི་ཚེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཁོར་ཉན་ཐོས་མང་པོ་དང་ཐབས་ཅིག་ཏུ་བཞུགས་པའི་གསུང་གིས། ཁྱོད་ཅི་ལ་ཆགས་ནས་རབ་ཏུ་མི་འབྱུང་ཞེས་བྱ་བ་མནལ་ལམ་དུ་གསན་ནས། རབ་ཏུ་བྱུང་ན་བསྟན་པ་ལ་ཕན་པ་ཆེན་པོར་འགྱུར་བར་དགོངས་ནས། རྡོ་རྗེའི་གདན་གྱི་མ་ཏི་བི་ཧ་རར་སངས་རྒྱས་ཡེ་ཤེས་ཞབས་ཀྱི་བཀའ་བརྒྱུད། ཕལ་ཆེན་སྡེ་པའི་གནས་བརྟན་ཆེན་པོ་སྦྱོར་བའི་ལམ་ལ་གནས་པ། ཤཱི་ལ་རཀྵི་ཏ་ཞེས་བྱ་བ་ལས་དགུང་ལོ་ཉི་ཤུ་རྩ་དགུ་པ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། དེ་ནས་དགུང་ལོ་སུམ་ཅུ་རྩ་གཅིག་བཞེས་པའི་བར་དུ། སྡེ་པ་བཞི་ཀའི་སྡེ་སྣོད་གསུམ་ཕལ་ཆེར་གསན་ཅིང་། ལག་ལེན་ལ་མཁས་པ་སྡེ་པ་ཐམས་ཅད་ཀྱི་དྲི་བའི་གནས་སུ་གྱུར། བླ་མ་དྷརྨ་རཀྵི་ཏ་ལ་ཨོ་ཏནྟ་པུ་རིར་ལོ་བཅུ་གཉིས་སུ་བྱེ་བྲག་བཤད་མཛོད་ཆེན་མོ་གསན། ཁོང་ཉན་ཐོས་པ་ཡིན་པས་ཞག་བདུན་བདུན་ན་གནས་ཁང་འཕོ་བར་མཛད། གཞན་ཡང་ཕ་རོལ་ཏུ་ཕྱིན་པ་དང་། གསང་སྔགས་ཀྱི་ཆོས་གསན་པའི་བླ་མ་ཛྙཱ་ན་ཤྲཱི་མི་ཏྲ། ཀུ་ས་ལི་ཆུང་བ། ཛེ་ཏཱ་རི། ནག་པོ་ཞབས་ཆེན་པོ་སྟེ་བ་ལིཾ་ཨཱ་ཙརྱ། ཨ་བ་དྷཱུ་ཏཱི་པ་ཆུང་བ། ཌོཾ་བཱི་པ། རིགས་པའི་ཁུ་བྱུག ནཱ་རོ་པ། མཁས་པ་ཆེན་པོ་དཱ་ཆེན་པོ་སོགས་དང་། ཕྱིས་བླ་མ་གསེར་གླིང་པའི་དྲུང་དུ་བྱོན་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གཙོ་བོར་བྱས་པའི་གདམས་པ་མཐའ་ཡས་པ་གསན་ཅིང་། བི་ཀྲ་མ་ཤཱི་ལའི་གནས་བརྟན་ཆེན་པོ་མཛད་དེ། ཆེ་བའི་སྙན་པས་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར་ཏོ། །མདོར་ན་ཇོ་བོས་བླ་མ་བརྒྱ་དང་ལྔ་བཅུ་རྩ་བདུན་བསྟེན་ནས་རིག་གནས་མཐའ་དག་དང་། མདོ་སྔགས་ཀྱི་གསུང་རབ་གདམས་པ་དང་བཅས་པ་ཐམས་ཅད་ལེགས་པར་སྦྱངས་ཤིང་ཁོང་དུ་ཆུད་པར་མཛད་དོ། །ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རང་གི་རྒྱལ་སྲིད་གཏད་ཟིན་ཀྱང་དམག་གི་དཔོན་མཛད་དེ། གར་ལོག་དང་འཐབས་པས་ཕམ་སྟེ་གར་ལོག་གིས་བཙོན་དུ་བཟུང་། གར་ལོག་གིས་ཡེ་ཤེས་འོད་ལ་དཀོན་མཆོག་གསུམ་ལ་སྐྱབས་སུ་འཛིན་པ་གཏོང་ན་ངེད་ཀྱིས་བཙོན་ལས་གཏོང་། དེ་ལྟ་མིན་ན་ལུས་རིལ་པོ་དང་ལྗིད་མཉམ་པའི་གསེར་བྱུང་ན་གཏོང་ཟེར། བཙོན་དུ་ཡུན་རིང་ལུས་པ་ལ། དབོན་པོ་རྣམས་ཀྱིས་འབད་པ་དུས་མས་བསྒྲུབས་ཏེ་གསེར་ཕལ་ཆེར་འཛོམས། དབུ་ཆ་ཙམ་ཞིག་མ་མ་ལོངས་པའི་ཚེ། དབོན་པོ་བྱང་ཆུབ་འོད་ཀྱིས་གར་ལོག་ཏུ་ཁོང་གི་སར་བྱོན། ད་ངེད་རྣམས་ཀྱིས་རང་རེའི་སྐུ་ལུས་དང་མཉམ་པའི་གསེར་རྙེད་ཟིན། ད་དབུ་ཙམ་ཞིག་དགོས་པ་རྙེད་ནས་སྤྱན་འདྲེན་དུ་འོང་ཞུས་པས། ཡེ་ཤེས་འོད་ཀྱི་ཞལ་ནས། ད་ང་རྒས་པས་སུ་ལ་ཡང་ཕན་མི་ཐོགས་པས། གསེར་རྙེད་པ་དེ་རྣམས་ཀྱིས་པཎྜི་ཏ་མང་པོ་གདན་དྲོངས་ལ། ཆོས་ཚུགས་ཤིག་ཅེས་གསུངས་པ་ལ་ཉན་ནས། པཎྜི་ཏ་མང་པོ་སྤྱན་དྲངས། ཆོས་ཀྱི་བཤད་པ་མང་དུ་བཙུགས་ཀྱང་། བྱང་ཆུབ་འོད་ཀྱི་དགོངས་པ་ལ། བོད་ཀྱི་ཡུལ་འདི་རབ་ཏུ་བྱུང་བ་མང་ཡང་། སྔགས་ལ་སྦྱོར་སྒྲོལ་ལ་སོགས་པ་ལོག་པར་སྤྱོད་པ་མང་པོ་སྣང་བ་དང་། དེ་མི་སྤྱོད་ཀྱང་སྟོང་ཉིད་གཅིག་པུ་ཁོ་ནས་འཚང་རྒྱ་ཞེས་ཟེར་ཞིང་མང་དུ་སྟོན་པ་དང་། སོ་སོ་ཐར་པའི་བསྟན་པ་དར་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་པ་ཉུང་བར་གཟིགས་ནས། ཉེས་པ་དེ་རྣམས་ཞི་བར་བྱེད་པའི་པཎྜི་ཏ་ཆེན་པོ་ཞིག་བཙལ་བར་བཞེད་པ་ལ། སྔར་སྤྱན་དྲངས་པའི་པཎྜི་ཏ་རྣམས་ཀྱང་སྒོ་སྒོར་ཁྱད་པར་འཕགས་མོད་ཀྱི། བོད་ཁམས་སྤྱི་ལ་ཕན་པ་མ་བྱུང་བས། ཇོ་བོ་རྗེ་དེ་སྤྱན་འདྲོངས་ན། ལོག་པ་དེ་རྣམས་སུན་དབྱུང་བར་ནུས་ཤིང་། བསྟན་པ་ལ་ཕན་པ་ཞིག་འོང་བར་དགོངས་ནས་ཡོད་པ་ལ། ནག་ཚོ་ཚུལ་ཁྲིམས་རྒྱལ་བ་ཞེས་བྱ་བ། ཡུལ་གུང་ཐང་པ། རྟེན་དགེ་སློང་དུ་བཞུགས་པ་ཞིག་ཡོད་པ་དེ། ཁོང་རང་གིས་རྒྱ་གར་དུ་སློབ་གཉེར་ལ་ཕྱིན། ཇོ་བོ་ལ་སོགས་པའི་པཎྜི་ཏ་འགའ་ཡར་ལ་ཆོས་མང་དུ་གསན། སླར་གུང་ཐང་དུ་སླེབས་པ་ན། ལྷ་བཙུན་པས་ཁོང་རང་གི་སར་བོས་ནས། ཁྱེད་ཀྱིས་ཇོ་བོ་རྗེ་སྤྱན་འདྲེན་དུ་འགྲོ་དགོས། དེ་སྤྱན་འདྲོངས་ཏེ་ཁོ་བོ་དགའ་བར་བགྱིས་ན། ཕྱིས་ཁྱེད་དགའ་བར་ཁོ་བོས་བྱེད་པ་ཡིན་གསུངས་པ་ན། ཁོང་གིས་བཀའ་སྩལ་དང་དུ་བླངས། གསེར་མང་པོ་དང་བཅས་དཔོན་གཡོག་མང་རབ་རྒྱ་གར་དུ་ཆས། བི་ཀྲ་མ་ཤཱི་ལར་མཚན་མོ་གཅིག་ལ་སླེབས། དེར་བོད་ཀྱི་སྐད་དུ་ཁ་ཐོན་བྱས་པ་ན། རྒྱ་བརྩོན་འགྲུས་སེངྒེ་སྒོ་ཁང་སྟེང་ན་བཞུགས་པས་གསན། ཁྱེད་རྣམས་བོད་ཡིན་ནམ། སང་ངེས་པར་འཕྲད་དོ་གསུང་བའི་སྐད་ཆེན་པོ་བཏང་། སང་དེ་རྒྱ་བརྩོན་འགྲུས་སེངྒེས་ནག་ཚོ་ཇོ་བོའི་སྤྱན་སྔར་ཁྲིད། གསེར་ལིང་བ་དེས་གཙོ་བྱས་པའི་གསེར་མང་པོ་མཎྜལ་གྱི་སྟེང་དུ་སྤུངས་ནས། རྒྱ་བརྩོན་འགྲུས་སེངྒེས། སྔར་བོད་དུ་བསྟན་པ་ཁྱད་པར་འཕགས་པ་ཡོད་པ་གླང་དར་མས་བསྣུབས། དེ་ནས་ལོ་ཤིན་ཏུ་མང་པོ་སོང་བ་ན་བླ་ཆེན་པོའི་དྲིན་ལས་དགེ་འདུན་གྱི་སྡེ་མང་བར་བཞུགས། དགེ་འདུན་དེ་རྣམས་ལ་སྡེ་སྣོད་ཀྱི་མཁྱེན་པ་ཆེན་པོ་ཡོད་ཀྱང་། ལག་ལེན་མེད། རབ་ཏུ་བྱུང་བ་རྣམས་ལ་ཆོས་ལག་ལེན་ལ་གདབ་ཐུབ་པ་ཇོ་བོ་ཉིད་བྱོན་ན་འོང་བར་འདུག་སོགས་ཞུ་བ་མང་པོ་ཞུས་པས། ཇོ་བོའི་ཞལ་ནས། ཁྱེད་བདེན་ངའི་ཆེད་དུ་བོད་ཀྱི་རྒྱལ་པོས་གསེར་མང་པོ་ཡང་བསྐུར་སོང་། གདན་འདྲེན་པའི་མི་མང་པོ་བྱུང་བའང་ཚད་པས་ཤི། བོད་ཀྱི་རྒྱལ་པོ་ལ་ངོ་ཡང་གནོང་བ་འདུག་གསུངས་ནས། དེ་ནས་ཇོ་བོས་ཡི་དམ་གྱི་ལྷ་སྒྲོལ་མ་དང་། རྡོ་རྗེ་གདན་ན་གྲུབ་པའི་རྣལ་འབྱོར་མ་ཡོད་པ་དེ་ལ་དྲི་བ་མཛད་པས། ལྷ་དང་མཁའ་འགྲོ་ཞལ་མཐུན་པར་བོད་དུ་ཅིས་ཀྱང་སོང་། སྤྱིར་བསྟན་པ་ལ་ཕན་ཐོགས་འོང་། ཁྱད་པར་དུ་ཨུ་པ་སི་ཀ་ཞིག་བརྟེན་ནས་ཕན་ཐོགས་འོང་། ཚེ་ནི་ལོ་ཉི་ཤུས་ཐུང་བར་འགྱུར་གསུང་བ་བྱུང་བ་ན། བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་ན་ཚེ་ཐུང་ཡང་སླ་དགོངས་ནས་བོད་དུ་ཆས། བལ་ཡུལ་དུ་ལོ་གཅིག་བཞུགས། དེ་ནས་ཇོ་བོ་དགུང་གྲངས་དྲུག་ཅུ་རེ་གཅིག་བཞེས་པའི་ཚེ་བོད་དུ་ཞབས་སོར་འཁོད། མདོ་སྔགས་ཐམས་ཅད་བསྡུས་ནས་ལམ་ཉམས་སུ་ལེན་པའི་རིམ་པར་དྲིལ་བ་བྱང་ཆུབ་ལམ་གྱི་སྒྲོན་མེས་གཙོར་བྱས་པའི་གཞུང་ཉི་ཤུ་ལྷག་ཙམ་མཛད་པའི་སྒོ་ནས་བསྟན་པ་རྒྱས་པར་སྤེལ་བས་བསྟན་པ་ཕྱི་དར་དང་བཀའ་གདམས་པའི་སྲོལ་བཏོད། གཞན་ཡང་གསོ་རིག་གི་གཞུང་ཡན་ལག་བརྒྱད་པ་བརྩམས། མངའ་རིས་སུ་ལོ་གསུམ། སྙེ་ཐང་དུ་ལོ་དགུ། དབུས་གཙང་དུ་ལྔ་བཅས་ལོ་བཅུ་བདུན་བོད་དུ་བཞུགས། སློབ་དཔོན་འདི་ལ་རྒྱ་གར་ཁ་ཆེ་ཨུ་རྒྱན་བལ་པོ་བོད་རྣམས་ན་སློབ་མ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་། གཙོ་བོ་ནི་རྒྱ་གར་ན་ཇོ་བོ་དང་མཁྱེན་པ་མཉམ་པའི་པཎྜི་ཏ་ཆེན་པོ་བི་ཏོ་པ། དྷརྨ་ཨ་ཀཱ་ར་མ་ཏི། དབུ་མ་སེངྒེ། སའི་སྙིང་པོ། བཤེས་གཉེན་གསང་བ་དང་ལྔ། བོད་དུ་མངའ་རིས་སུ་ལོ་ཙཱ་བ་རིན་ཆེན་བཟང་པོ། ནག་ཚོ་ལོ་ཙཱ་བ། ལྷ་བླ་མ་བྱང་ཆུབ་འོད། གཙང་དུ་འགར་དགེ་བ་དང་འགོས་ཁུག་པ་ལྷས་བཙས། ལྷོ་བྲག་ནས་ཆག་པ་ཁྲི་མཆོག་དང་དགེ་བ་སྐྱོང་། ཁམས་ནས་རྣལ་འབྱོར་པ་ཆེན་པོ། དགོན་པ་བ། ཤེས་རབ་རྡོ་རྗེ། ཕྱག་དར་སྟོན་པ། དབུས་ནས་ཁུ་རྔོག་བྲོམ་གསུམ་བྱུང་ངོ་། །དེ་ཐམས་ཅད་ཀྱི་ནང་ནས་བླ་མ་ཉིད་ཀྱི་འཕྲིན་ལས་རྒྱས་པར་བྱེད་པའི་བརྒྱུད་འཛིན་ཆེན་པོ་སྒྲོལ་མས་ལུང་བསྟན་པའི་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཡིན་ནོ། །ཕྱི་དར་ལ་བོད་དུ་རྒྱུད་སྡེའི་དོན་ལ་ལོག་པར་བཟུང་བའི་པཎྜི་ཏ་དང་རྣལ་འབྱོར་པར་རློམ་པ་འགའ་ཞིག་གིས་བསྟན་པའི་རྩ་བ་ཚངས་སྤྱོད་ལ་གནོད་པ་ཆེན་པོ་བྱས་པ། སྐྱེས་བུ་དམ་པ་འདིས་ལེགས་པར་བཀག་ཅིང་། དག་ཐེར་ལེགས་པར་མཛད་དེ་རྒྱལ་བའི་བསྟན་པ་ཕྱིན་ཅི་མ་ལོག་པར་འཕེལ་བར་མཛད་པས་ཁ་བ་ཅན་པ་ཐམས་ཅད་ལ་སྐུ་དྲིན་ཤིན་ཏུ་ཆེ་བས་གངས་ཅན་པས་ཇོ་བོ་རྗེ་ཞེས་ཞེ་སར་བརྗོད། དོགས་གཅོད། དེབ་ཐེར་སྔོན་པོ་དང་། རྗེའི་ལམ་རིམ་ཆེན་མོར། ཇོ་བོ་རྗེས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལོ་དྲུག་གམ་གསུམ་དུ་མཛད་ཅེས་གསུངས་པ་ནི། ཇོ་བོ་རྗེ་རབ་ཏུ་མ་བྱུང་བའི་གོང་རོལ་དུ་ཡིན་གྱི། ཁོང་བཀའ་གདམས་ཀྱི་བསྟན་པའི་བདག་པོ་འདུལ་བའི་བཅས་ལྟུང་ཕྲ་མོས་ཀྱང་མ་གོས་པའི་དགེ་སློང་ཚུལ་ཁྲིམས་རྣམ་དག་ཅིག་གིས་བུད་མེད་ག་ལ་བསྟེན། (ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ལ་རིག་མ་དངོས་དང་འདོད་ཡོན་ལམ་དུ་བྱེད་པ་མི་དགོས་ཀྱང་། འདིར་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལོ་དྲུག་གམ་གསུམ་དུ་མཛད་ཅེས་པ་ནི་སྤྱོད་པ་གོང་མ་གཉིས་པོ་གང་རུང་དུ་ངེས་ཤིང་། དེ་གཉིས་ལ་ནི་ངེས་པར་རིག་མ་དངོས་དང་འདོད་ཡོན་ལམ་དུ་བྱེད་པ་ཞིག་དགོས་སོ། །ཡོངས་གྲགས་སུའང་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཞེས་པ་རིག་མ་དངོས་དང་སྙོམས་པར་འཇུག་པའི་སྤྱོད་པ་ལ་གོ་བའི་ཕྱིར་རོ) རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པ་ནི་ཇོ་བོ་རབ་བྱུང་མ་བྱུང་བའི་གོང་རོལ་དུ་ཡིན་པའི་ཁུངས་ནི། དེབ་སྔོན་སྟོད་ཆ་༢༩༨ལས་གསུངས་པ་གོང་དུ་གསལ་བ་ལྟར་ཡིན་ནོ། །ཇོ་བོའི་བརྩམས་ཆོས་ནི། ཇོ་བོ་རྗེས་མཛད་པའི་བསྟན་བཅོས་བཞི་བཅུ་ཞེ་གཅིག་ལྷག་ཙམ་ཡོད་དེ། ༡ བྱང་ཆུབ་ལམ་གྱི་སྒྲོན་མ། ༢ བྱང་ཆུབ་ལམ་གྱི་སྒྲོན་མེའི་དཀའ་འགྲེལ། ༣ བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ། ༤ སྙིང་པོ་བསྡུ་བ། ༥ སྙིང་པོ་ངེས་པར་བསྡུ་བ། ༦ བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ། ༧ བྱང་ཆུབ་སེམས་དཔའི་ལས་དང་པོ་པའི་ལམ་ལ་འཇུག་པ་བསྟན་པ། ༨ སྐྱབས་སུ་འགྲོ་བ་བསྟན་པ། ༩ ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཡི་གེར་བསྡུས་པ། ༡༠ ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ། ༡༡ རང་གི་བྱ་བའི་རིམ་པ་ལ་བསྐུལ་བ། ༡༢ མདོ་སྡེའི་དོན་ཀུན་ལས་བཏུས་པའི་མན་ངག ༡༣ མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ། ༡༤ ལས་རྣམ་པར་འབྱེད་པ། ༡༥ སྤྱོད་པ་བསྡུས་པའི་སྒྲོན་མ། ༡༦ མདོ་ཀུན་ལས་བཏུས་པ་ཆེན་པོ། ༡༧ བྱང་ཆུབ་སེམས་དཔའི་ལམ་གྱི་རིམ་པ་མདོར་བསྡུས་པ། ༡༨ བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་བཤད་པ། ༡༩ སྨན་བླའི་སྒྲུབ་ཐབས། ༢༠ སྤྱོད་པའི་གླུའི་འགྲེལ་པ། ༢༡ རྩ་བའི་ལྟུང་བའི་རྒྱ་ཆེར་འགྲེལ་པ། ༢༢ སྐུ་དང་གསུང་དང་ཐུགས་རབ་ཏུ་གནས་པ། ༢༣ མི་འཁྲུགས་པའི་སྒྲུབ་ཐབས་རྒྱས་པ། ༢༤ མི་འཁྲུགས་པའི་སྒྲུབ་ཐབས་བསྡུས་པ། ༢༥ དེའི་དཀྱིལ་ཆོག་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་འཇོམས་པ། ༢༦ འཇམ་པའི་དབྱངས་དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས། ༢༧ འཕགས་པ་རྟ་མགྲིན་གྱི་སྒྲུབ་ཐབས། ༢༨ དཔལ་རྟ་མགྲིན་གྱི་སྒྲུབ་ཐབས། ༢༩ ཁྲོ་བོའི་རྒྱལ་པོ་འཕགས་པ་མི་གཡོ་བ་ལ་བསྟོད་པ། ༣༠ ཡང་ཁྲོ་བོའི་རྒྱལ་པོ་འཕགས་པ་མི་གཡོ་བ་ལ་བསྟོད་པ། ༣༡ དེ་བཞིན་གཤེགས་པས་ཐམས་ཅད་ཀྱི་དམ་ཚིག་བསྲུང་བའི་སྒྲུབ་ཐབས། ༣༢ སཱཙྪ་ལྔ་གདབ་པའི་ཆོ་ག ༣༣ གཙུག་ཏོར་དྲི་མེད་ཀྱི་གཟུངས་ཆོག ༣༤ ཡང་གཙུག་ཏོར་དྲི་མེད་ཀྱི་གཟུངས་ཆོག ༣༥ རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས། ༣༦ འཇིགས་པ་བརྒྱད་ལས་སྐྱོབ་པའི་སྒྲུབ་ཐབས། ༣༧ འཕགས་མ་སྒྲོལ་མ་ལ་བསྟོད་པ། ༣༨ བདུད་རྩི་འབྱུང་བ་ཞེས་བྱ་བའི་གཏོར་མའི་ཆོ་ག ༣༩ ཀླུ་གཏོར་གྱི་ཆོ་ག ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་སྒྲོན་མ། ༤༠ བདེན་པ་གཉིས་ལ་འཇུག་པ། ༤༡ དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་ཞེས་བྱ་བ་ལ་སོགས་པ་དང་གསུང་ཐོར་བུ་ཡང་མང་དུ་ཡོད་པར་སྣང་ངོ་། །དགུང་ལོ་བདུན་ཅུ་རྩ་བརྒྱད་པ་ས་ཕག་ལ་སྙེ་ཐང་དུ་མྱ་ངན་ལས་འདས་པའི་ཚུལ་མཛད་དོ། །འགའ་རེས་ཇོ་བོ་དགུང་གྲངས་བདུན་ཅུ་རྩ་གསུམ་པ་ཕྱི་ལོ་ (ཕྱི་ལོ་༡༠༥༤) ལོར་སྐུ་གཤེགས་པར་བཤད་པ་མཐོང་ཡང་དེ་ནི་འཐད་པར་མ་མཐོང་སྟེ། ཇོ་བོ་རྒྱ་གར་ནས་ཐོན་དུས་དགུང་ལོ་༥༩དང་། དེ་ནས་བལ་ཡུལ་དུ་ལོ་གཅིག་བཞུགས། དེ་ནས་ཇོ་བོ་བོད་དུ་ཕེབས་དུས་དགུང་ལོ་༦༡ཡིན་ཏེ། དེབ་སྔོན་སྟོད་ཆ་༣༠༣ལས། དེ་ལ་ཇོ་བོ་རྗེ་ནི་དགུང་སྙིང་ཆུ་ཕོ་རྟ་ (ཕྱི་ལོ་༩༨༢) ཡིན་པས་ལྔ་བཅུ་རྩ་དགུ་པ་ལྕགས་ཕོ་འབྲུག་ (ཕྱི་ལོ་༡༠༤༠) གི་ལོ་ལ་རྒྱ་གར་ནས་བཏེག ལྕགས་མོ་སྦྲུལ་ (ཕྱི་ལོ་༡༠༤༡) གྱི་ལོ་བལ་ཡུལ་དུ་བཞུགས། མངའ་རིས་སུ་ཆུ་ཕོ་རྟ་ (ཕྱི་ལོ་༡༠༤༢) ལ་ཕེབས་པ་ཡིན། ཞེས་གསུངས་པས། ཇོ་བོ་བོད་དུ་ཕེབས་ཚེ་དགུང་གྲངས་༦༡ཡིན་ལ། དེ་ནས་བོད་དུ་ལོ་བཅུ་བདུན་བཞུགས་ཤིང་། དེ་གཉིས་བསྡོམས་པས་དགུང་ལོ་༧༨ཕེབས་པ་ས་ཕག་ (ཕྱི་ལོ་༡༠༥༩) ལོར། ཇོ་བོ་དགུང་ལོ་བདུན་ཅུ་རྩ་བརྒྱད་ཕེབས་པ་ན་སྐུ་གཤེགས་པར་ངེས་སོ། ། (982-1059)