2466

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཇོ་བོ་ཤཱཀྱ་མུ་ནི
Tibetan Definition ལྷ་སའི་ཇོ་བོ་ཞེས་ཡོངས་སུ་གྲགས་པ་སངས་རྒྱས་ཉིད་དང་ཁྱད་པར་མ་མཆིས་པའི་ཇོ་བོ་རིན་པོ་ཆེ་འདི་ནི་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷ་དང་མིའི་རིན་པོ་ཆེ་རྣམ་པ་བཅུ་སྐུའི་རྒྱུར་སྤུངས་པ་ན། བཟོ་བོ་ཝི་ཤྭ་ཀརྨས་དེ་རྣམས་བཞུ་བཏུལ་ལུགས་སུ་བླུག ཤཱཀྱའི་རྒྱལ་པོ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ལྟ་བས་ཆོག་མི་ཤེས་ཤིང་། མཐོང་ཐོས་དྲན་རེག་ཙམ་གྱིས་མྱ་ངན་ལས་འདས་པའི་ས་བོན་ཁྱད་པར་ཅན་འཇོག་ནུས་པ་འདི་ཉིད། ལུས་ཅན་ཀུན་གྱི་བསོད་ནམས་ཀྱི་ཞིང་དམ་པར་བསྐྲུན་པ་ལ། རྒྱལ་བ་ཉིད་ཀྱིས་རབ་ཏུ་གནས་པར་མཛད་དེ། ཨོ་རྒྱན་ཡུལ་གྱི་ཡུལ་དང་། དེའི་རྗེས་སུ་དབུས་འགྱུར་མ་ག་དྷར་བཞུགས་པའི་ཚེ། རྒྱ་ནག་གི་རྒྱལ་པོའི་བསོད་ནམས་ཀྱི་མཐུས། རྒྱ་གར་ནས་རྒྱ་ནག་ཏུ་རྫིངས་ལ་སྤྱན་དྲངས་ཏེ། མ་ཧཱ་ཙི་ན་པའི་མཆོད་པའི་ཞིང་དུ་བཞུགས་པ་ལས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་རྒྱ་བཟའ་ཀོང་ཇོའི་རྟེན་སྐལ་དུ་རྒྱ་ནག་ནས་བོད་དུ་དུས་རབས་བདུན་པའི་ནང་གདན་དྲངས། འདི་དང་སྟོན་པ་དགུང་ལོ་བརྒྱད་པའི་སྐུ་ཚད་ཇོ་བོ་མི་བསྐྱོད་རྡོ་རྗེ་ (བལ་བཟས་གདན་དྲངས་པ་གཉིས་ཀ་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་ཡིན) གཉིས་སྟོན་པ་ཐུབ་པའི་དབང་པོ་ཉིད་ཀྱིས་ཞལ་བཀོད་མཛད་ནས་གཟོ་བོ་ཝི་ཤྭ་ཀརྨ་ལ་བཞེངས་སུ་བཅུག་ཅིང་བྱིན་རླབས་རབ་གནས་ཀྱང་མཛད་པའི་ལོ་རྒྱུས་ཡོད། རྒྱ་གར་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་སྟེང་ཐོག་ཁྱམས་ཀྱི་ནང་དུ་བཞུགས་ཁྲི་སྟོང་པ་ཞིག་ཡོད་པ་དེ་སྔོན་ཇོ་བོ་ཤཱཀྱ་མུ་ནིའི་བཞུགས་ཁྲི་ཡིན་ཞེས་བཤད་སྲོལ་ཡོད་པ་ལྟར་བདེན་པར་སྣང་། འདིའི་ཞལ་མཐོང་བ་ཙམ་གྱིས་ངན་སོང་དུ་མི་འགྲོ་ཞེས་ལྷོ་བལ་ན་གྲགས་པ་ཡིན་གསུང་ངོ་། །ཇོ་བོ་ཤཱཀྱ་ནིའི་སྣང་བརྙན་ལ་གསེར་བཟང་པོ་འབའ་ཞིག་གི་རྒྱུ་ཚོགས་ལས་སྒྲུབ་པའི་དབུ་རྒྱན་ལ་དེ་བཞིན་གཤེགས་པ་རིགས་ལྔའི་སྣང་བརྙན་འབུར་དོད་དུ་ཡོད་པ། དར་དཔྱངས་ཀྱང་གསེར་ལས་བྱས་པ། རིན་པོ་ཆེ་ནལ་དང༌། མུ་ཏིག་དང༌། གཡུ་ལ་སོགས་པ་སྲིད་ན་དཀོན་ཞིང་རིན་ཐང་ཆེ་བའི་རིན་པོ་ཆེའི་ཕྲ་ཚོམས་དུ་མས་མཛེས་པར་བྱས་པ་ལ་བཟོ་བཀོད་ཕུན་སུམ་ཚོགས་པ་དང་ལྡན་པའི་དབུ་རྒྱན་འདི་ཉིད། སྔོན་རྗེ་བཙུན་ཙོང་ཁ་པ་ཆེན་པོས་ཕུལ་བ་ཡིན་ཞིང་། དགོས་པ་ནི་དབུ་རྒྱན་ཕུལ་ཏེ་ལོངས་སྐུའི་ཆ་བྱད་དང་མཐུན་པར་མཛད་པའི་རྟེན་འབྲེལ་ལས། ངེས་པ་ལྔ་ལྡན་གྱི་ལོངས་སྐུ་དང་མཚུངས་པར་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་བརྟན་པར་བཞུགས་པ་སོགས་ཀྱི་ཆེད་དུ་ཡིན་ལ། དབུ་རྒྱན་ཕུལ་ཞིང་སྨོན་ལམ་ཆེན་མོའི་རྒྱུན་བཙུགས་པ་སོགས་ཀྱིས་བསྟན་པ་དང་འགྲོ་བའི་ཕན་བདེ་བླ་ནས་བླར་འཕེལ་ཏེ་སྙིགས་མའི་དུས་ཀྱང་རྫོགས་ལྡན་བཞིན་དུ་གྱུར་ཏོ། །གཞན་ཡང་ཇོ་བོའི་སྣང་བརྙན་འདི་ཉིད་སྔར་ཨོ་རྒྱན་གྱི་ཡུལ་དུ་བཞུགས་པ་སོགས་ཀྱི་ཚེ་དབུ་རྒྱན་ཡོད་པར་གྲགས་པ་སྔར་གྱི་ལུགས་དང་མཐུན་པར་བྱས་པར་ཡང་གསུངས་སོ། །ཇི་སྐད་དུ། ཕུན་ཚོགས་གསེར་འོད་ཕྱོགས་བཅུར་རབ་ཏུ་འཕྲོ། །བཀྲ་ཤིས་དཔལ་གྱིས་ཀུན་ནས་ལྷམ་མེ་བ། །རིན་ཆེན་ས་ལེ་སྦྲམ་གྱི་དབུ་རྒྱན་འདི། །ཤཱཀྱའི་རྒྱལ་པོའི་དབུ་ལ་ཕུལ་བ་ཡིས། །བསྟན་པ་རིན་ཆེན་ཕྱོགས་བཅུར་རྒྱས་པ་དང་། །འཇིག་རྟེན་བདེ་ལེགས་ཆེན་པོས་ཁྱབ་པ་དང་། །ལྷར་བཅས་འགྲོ་བའི་གཙུག་གི་རྒྱན་གྱུར་པའི། །སྟོབས་བཅུ་མངའ་བའི་གོ་འཕང་འཐོབ་པར་ཤོག །ཅེས་གསུངས་པ་ལྟར་ཕུ་དུད་དང་རིམ་གྲོ་བླ་ན་མེད་པས་སྲི་ཞུ་བགྱིས་ཏེ་རྟེན་གྱི་གཙོ་བོར་མངའ་གསོལ་བས་འཇིག་རྟེན་ཐམས་ཅད་དུ་བཀྲ་ཤིས་ཀྱི་དགེ་མཚན་རྒྱ་ཆེན་པོས་ཁྱབ་པར་གྱུར་ཏོ། །ཐོག་མར་རྒྱ་བཏབ་ར་མོ་ཆེའི་གཙུག་ལག་ཁང་དུ་བཞུགས་ནའང་། དབོན་སྲས་ཏེ་ཚ་བོ་མང་སྲོང་མང་བཙན་གྱི་དུས། རྒྱ་དམག་བྱུང་བར་བརྟེན། ལྷོ་སྒོ་མེ་ལོང་ཅན་དུ་བཅུག་ནས་སྒོ་ལ་ཞལ་བ་བྱས་འཇམ་དབྱངས་ཀྱི་སྐུ་བྲིས། དེ་ནས་རྒྱལ་རབས་གཉིས་ཀྱི་ཚེ། འཇང་ཚ་ལྷ་དབོན་གྱི་བཙུན་མོར་བསུས་པའི་རྒྱ་མོ་བཟས། ངའི་ཨ་སིའི་ལྷ་ཁང་བལྟར་འགྲོ་ཞེས་ར་མོ་ཆེར་ཕེབས་པ་ན། ཤཱཀྱ་མུ་ནི་མ་བཞུགས་པས། ལྷ་སྒོ་མེ་ལོང་ཅན་དུ་ཡོད་པ་རྩིས་ཁོག་ནས་ཤེས་ཏེ་སྤྱན་དྲངས་ནས་གཙང་ཁང་དབུས་མ་འདིར་བཞུགས་སུ་གསོལ་ལོ། །ཡང་ལོ་རྒྱུས་གཞན་དུ། ཇོ་བོ་འདི་སྔོན་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐུ་ན་ཕྲ་མོའི་སྐབས་ཡབ་རྒྱལ་པོ་འདས་ནས་སྡིག་བློན་རྣམས་ཀྱིས་ཆོས་ཁྲིམས་བཤིག་ཅིང་། ཇོ་བོ་ཤཱཀྱ་མུ་ནི་ཡང་རྒྱ་ཡུལ་དུ་སྐྱེལ་བར་བརྩམས་ཏེ་མི་སུམ་བརྒྱས་བཏེག་ཀྱང་མ་ཐེག་པར་བྱེ་ཐང་དུ་སྦས། ཁོང་ཚོར་ཤི་ཉེས་སོགས་བཀྲ་མ་ཤིས་པ་མང་པོ་བྱུང་བ་ལྷ་བྱེ་འོག་ཏུ་སྦས་པའི་ལན་ཟེར་ནས་མཐར་བྱེ་འོག་ནས་བཏོན་ཏེ་དྲེའུ་གཉིས་ཀྱིས་བཏེག་ནས་མང་ཡུལ་སྐྱིད་གྲོང་དུ་བསྐྱལ་བ་སོགས་འོ་བརྒྱལ་མང་ཙམ་བྱུང་བའི་ལོ་རྒྱུས་ཀྱང་ཡོད་དོ། །རྗེའི་རྣམ་ཐར་ཆེན་མོ་དང་། རྒྱལ་མཆོག་ལྔ་པ་ཆེན་པོའི་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་དཀར་ཆག་ཤེལ་དཀར་མེ་ལོང་། ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་ལ་གཞི་བྱས་ཏེ་བཀོད་དོ། །