2505

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉན་ཐོས་སྡེ་པ་བཅོ་བརྒྱད
Tibetan Definition (འདུལ་བ) ཉན་ཐོས་སྡེ་པ་བཅོ་བརྒྱད་དུ་གྱེས་ཚུལ་བཤད་པ་ལ། སྡེ་པ་བཅོ་བརྒྱད་དུ་གྱེས་པའི་དུས་ནི་བཀའ་བསྡུ་གསུམ་པའི་སྐབས་ཡིན་ཏེ། སྟོན་པ་འདས་ནས་ལོ་བརྒྱ་དང་དྲུག་ཅུ་ན་གྲོང་ཁྱེར་མེ་ཏོག་གིས་རྒྱས་པ་ཞེས་བྱ་བར་རྒྱལ་པོ་མྱ་ངན་མེད་བྱུང་བའི་ཚེ་དགྲ་བཅོམ་པ་རྣམས་ལེགས་སྦྱར་དང་། ཐ་མལ་པ་དང་། ཟུར་ཆག་དང་། ཤ་ཟའི་སྐད་ཀྱིས་སྟོན་པའི་གསུང་རབ་འདོན་པར་བྱེད་ཅིང༌། དེ་དག་གི་སློབ་མ་རྣམས་སོ་སོར་གྱེས་པ་ལས་སྡེ་པ་བཅོ་བརྒྱད་དུ་གྱུར་ཏེ་ཕན་ཚུན་གྲུབ་མཐའ་མི་མཐུན་པ་སྣ་ཚོགས་ཀྱིས་བསྟན་པ་དཀྲུགས་པར་གྱུར་པ་ན་དགྲ་བཅོམ་པ་དང་སོ་སོའི་སྐྱེ་བོ་མཁས་པར་གྱུར་པ་རྣམས་ཛྭ་ལན་དྷ་རའི་དགོན་པར་འདུས་ཏེ་བསྟན་པ་བསྡུས་ནས་རྩོད་པ་དེ་དག་ཉེ་བར་ཞི་བར་བྱས་སོ། །འགའ་ཞིག་གིས་དེའི་ཚེ་སྟོན་པ་འདས་ནས་ལོ་སུམ་བརྒྱ་ལོན་ནོ་ཞེས་ཟེར་རོ། །ཡང་ཁ་ཅིག་གིས་སྟོན་པ་འདས་ནས་ལོ་བརྒྱ་དང་སུམ་ཅུ་རྩ་བདུན་ལོན་པ་ན་སྡེ་པ་སོ་སོར་གྱེས་པར་བཞེད་དོ། །ཞིབ་པར་མཆིམས་མཛོད་དེབ་གཟུགས་༧༦༣ན་གཟིགས། ཉན་ཐོས་རྩ་བའི་སྡེ་བཞི་ལས་གྱེས་པ་སྡེ་པ་བཅོ་བརྒྱད་ནི། དགེ་འདུན་ཕལ་ཆེན་པ་ལས་གྱེས་པ་ལྔ། ཐམས་ཅད་ཡོད་པར་སྨྲ་བ་ལས་གྱེས་པ་བདུན། གནས་བརྟན་པ་ལས་གྱེས་པ་གསུམ། མང་པོས་བཀུར་བ་ལས་གྱེས་པ་གསུམ་སྟེ་བཅོ་བརྒྱད་དོ། །དེ་ཡང་དང་པོ་ཕལ་ཆེན་པ་ལས་གྱེས་པ་ལྔ་ནི། སློབ་དཔོན་དུལ་བ་ལྷས། ཤར་ནུབ་རི་དང་གངས་རིར་གནས། །འཇིག་རྟེན་འདས་པར་སྨྲ་བ་དང༌། །བཏགས་པར་སྨྲ་བའི་སྡེ་རྣམས་ནི། །ལྔ་ཚན་དགེ་འདུན་ཕལ་པའི་སྡེ། །ཞེས་པ་ལྟར་ལྔའོ། །ཐམས་ཅད་ཡོད་པར་སྨྲ་བ་ལས་གྱེས་པ་བདུན་ནི། གཞི་ཀུན་ཡོད་དང་འོད་སྲུང་སྡེ། །ས་སྟོན་སྡེ་དང་ཆོས་སྲུང་སྡེ། །མང་ཐོས་གོས་དམར་སློབ་མར་བཅས། །ཕྱེ་སྟེ་སྨྲ་བའི་སྡེ་རྣམས་ནི། །གཞི་ཀུན་ཡོད་པར་སྨྲ་བ་ཡིན། །ཞེས་པ་ལྟར་དང༌། གནས་བརྟན་པ་ལས་གྱེས་པ་གསུམ་ནི། རྒྱལ་བྱེད་ཚལ་གནས་འཇིགས་མེད་གནས། །གཙུག་ལག་ཁང་གནས་གནས་བརྟན་པ། །ཞེས་སོ། །མང་བཀུར་བ་ལས་གྱེས་པ་གསུམ་ནིས་སྒྲོག་རི་དང་སྲུང་བ་པ། །གནས་མ་བུ་པའི་སྡེ་རྣམས་ནི། །མང་པོས་བཀུར་བའི་སྡེ་པ་ཡིན། །ཞེས་པ་ལྟར་རོ། །སློབ་དཔོན་དབྱིག་གཉེན་བཞུགས་པ་ཡན་ཆད་དུ་སྡེ་པ་བཅོ་བརྒྱད་པོ་ཐམས་ཅད་རྒྱ་གར་ན་ཡོད་པར་བཤད་དེ། ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་༡༨༠ལས། སློབ་དཔོན་ཆེན་པོ་དབྱིག་གཉེན་བཞུགས་པ་ཡན་ཆད་ན་སྡེ་པ་བཅོ་བརྒྱད་པོ་ཡང་ཆ་ཚང་ཙམ་དུ་ཡོད་ལ། སྔོན་བསྟན་པའི་དགྲ་བྱུང་བའི་དུས་ན་ཉམས་སྨད་དེ་སྡེ་པ་འགའ་ཞིག་ཉུང་ངུར་ཡོད་པ་བར་སྐབས་དེ་རྣམས་སུ་རྩོད་པའི་རྒྱུ་མཚན་དང༌། སྟེས་དབང་གིས་ནུབ་པ་སྣ་ཚོགས་བྱུང་སྟེ། དགེ་འདུན་ཕལ་ཆེན་པ་ལས། ཤར་གྱི་རི་བོ་པ་དང༌། ནུབ་ཀྱི་རི་བོ་པ་དང༌། གངས་རིར་གནས་པ་གསུམ་སྟོངས། ཐམས་ཅད་ཡོད་སྨྲ་ནས། འོད་སྲུང་པ་དང༌། རྣམ་པར་ཕྱེ་སྟེ་སྨྲ་བ་གཉིས་སྟོངས། གནས་བརྟན་པ་ལས། གཙུག་ལག་ཁང་ཆེན་པོ་དང༌། མང་པོར་བཀུར་བ་ལས། སྲུང་བ་པའི་སྡེ་པ་སྟོངས་ཏེ། ལྷག་མ་ནི་དར་བར་ཡོད་དོ། །དེ་ལ་ཉན་ཐོས་རྣམས་ཀྱི་སྒྲུབ་པའི་བསྟན་པ་ནི་ལོ་ལྔ་བརྒྱ་ནས་ཉམས་པ་ལྟར་གྱུར་པ་ཡིན་མོད། ཉན་ཐོས་ཀྱི་གྲུབ་མཐའི་ཕྱོགས་འཛིན་པ་ནི་ད་ལྟའི་བར་དུ་ཤིན་ཏུ་མང་སྟེ། ཆོས་འབྱུང་རྩོམ་པ་ཁ་ཅིག་ཐེག་ཆེན་དར་ནས་མི་རིང་བ་ན་ཉན་ཐོས་ཀྱི་སྡེ་གུད་དོ་ཞེས་ཟེར་ཞིང༌། ཐེག་ཆེན་སྡེ་ཚུགས་པ་ནས་ཉན་ཐོས་རྣམས་ཀྱི་མངའ་ཐང་ཇེ་ཉུང་དུ་སོང་སྟེ། དུས་སྐབས་འདི་ཙམ་ན་ཉན་ཐོས་ཀྱི་ཕྱོགས་འཛིན་ཆེར་མེད་དམ་སེམས་པ་ནི་ཆ་མེད་ཀྱི་རྒྱུས་གཏམ་སྟེ། རང་གིས་ཕྱོགས་ཙམ་ཡང་མ་ངེས་བཞིན་དུ་ངེས་ངེས་ལྟར་གཞན་ལ་སྟོན་ཅིང་ཡི་གེར་འབྲི་བ་ངོ་མཚར་རོ། །ཞེས་གསུངས།