From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ
|
Tibetan Definition
|
གསང་སྔགས་ཀྱི་བརྒྱུད་པ་ལ། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་ཞེས་གྲགས། འདི་ལ་གསུང་ཚུལ་མི་མཐུན་་ཁ་ཤས་ཡོད་ཀྱང་། ཡོངས་གྲགས་ལྟར་བྱས་ན། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཏེ་ལོ། ནཱ་རོ། ཌོཾ་བྷི་པ། ཇོ་བོ་སོགས་སྔགས་བླ་མེད་ཀྱི་བླ་བརྒྱུད་ལ་ཟེར། ཐུགས་རྗེ་ཆེན་པོ་བདེ་གཤེགས་རྡོ་རྗེ་འཆང༌། །མཆོག་གཟིགས་ཏེ་ལོ་པ་དང་ནཱ་རོ་པ། །དཔལ་མཆོག་ཌོཾ་བྷི་པ་དང་ཨ་ཏི་ཤ། །ཉམས་ལེན་བྱིན་རླབས་བརྒྱུད་ལ་གསོལ་བ་འདེབས། །ཞེས་འབྱུང་བ་ལྟར་རོ། །ཡང་རྗེ་ཤེས་རབ་རྒྱ་མཚོའི་གསུང་ཟིན་བྲིས་སོགས་ལས། དབུས་སུ་རྡོ་རྗེ་འཆང་མ་གཏོགས་པ་རྗེ་བཙུན་འཇམ་དབྱངས་ནས་རང་གི་བླ་མ་ལ་ཐུག་གི་བར་འཇམ་དབྱངས་ཀྱི་རྣམ་པ་མཐོ་བརྩེགས་དང་། དེའི་གཡས་སུ་ཕ་རྒྱུད་གསང་འདུས་དང་། འཇིགས་བྱེད་ཀྱི་བླ་བརྒྱུད་གཉིས་སོ་སོ་ནས་མཐོ་བརྩེགས། གཡོན་དུ་མ་རྒྱུད་བདེ་མཆོག་གི་བླ་བརྒྱུད་དང་། ཐིག་ལེ་བཅུ་དྲུག་གི་བླ་བརྒྱུད་སོ་སོ་ནས་མཐོ་བརྩེགས་རེ་བཅས་མཐོ་བརྩེགས་ལྔར་གསལ་འདེབས་པ་ལ་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པར་བཤད་པ་དང་། ཡང་རྗེ་སྒྲུབ་ཁང་དགེ་ལེགས་རྒྱ་མཚོས་ཟབ་རྒྱས་ཀྱི་བརྒྱུད་པ་ཉིད་ལ། བླ་མ་གཅིག་ནས་གཅིག་ཏུ་བྱིན་རླབས་ཀྱི་རྒྱུན་མ་ཉམས་པར་ཡོད་པས། དེ་ལས་ལོགས་སུ་མི་དགོས་པར་བཞེད། ཡང་མཁར་རྡོ་བློ་བཟང་སྒོམ་ཆུང་གིས་གསང་བདེ་འཇིགས་གསུམ་གྱི་བརྒྱུད་པ་ལ་བཞེད། རྒྱས་པར་བཀའ་གདམས་གླེགས་བམ་དང་། དཀའ་ཆེན་ནམ་མཁའ་རྡོ་རྗེའི་གསུང་བླ་མཆོད། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་བླ་མཆོད་ཁྲིད་ཡིག་དང་། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་དང་། རྗེ་ཤེས་རབ་རྒྱ་མཚོའི་གསུང་ཟིན་བྲིས་སོགས་ལས་ཤེས་པར་བྱའོ། །དོགས་གཅོད། €བོད་རྒྱ་ཚིག་མཛོད་ཆེན་མོར བྱང་ཆུབ་ལམ་གྱི་རིམ་པའི་བརྒྱུད་པ་གསུམ་གྱི་ཡ་གྱལ། རྗེ་བཙུན་འཇམ་དབྱངས་ནས་རྒྱལ་སྲས་ཞི་བ་ལྷ་ལ་སོགས་པར་བརྒྱུད་པའི་རླབས་ཆེན་སྤྱོད་རྒྱུད། ཅེས་གསུངས་པ་ལེགས་པར་མ་མཐོང་སྟེ། རྗེ་ཙོང་ཁ་པ་ཆེན་པོའི་ལམ་རིམ་གསོལ་འདེབས་ལམ་མཆོག་སྒོ་འབྱེད་ལས། བྱང་ཆུབ་ལམ་རིམ་གྱི་བརྒྱུད་པ་ལ་རྒྱ་ཆེན་སྤྱོད་བརྒྱུད་དང་ཟབ་མོ་ལྟ་བརྒྱུད་གཉིས་ལས་མ་གསུངས་ཤིང་། དེ་ནི་གོང་དུ་བཤད་པ་ལྟར་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པའི་བླ་མ་རྣམས་ཀྱི་བརྒྱུད་རིམ་ལ་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་ཞེས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ཐ་སྙད་མཛད་པར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་༩༠༦ན་གསུངས་པ་ལྟར་བྱ་དགོས་སོ། །
|