2559

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉི་ཤུ
Tibetan Definition བཅུ་ཕྲག་གཉིས་ཀྱི་མིང་། ཉི་ནི་གཉིས་དང་། ཤུ་ནི་བཅུའི་དོན་ཡིན། དོགས་གཅོད། སུམ་ཅུ། བཞི་བཅུ། ལྔ་བཅུ། དྲུག་ཅུ། བདུན་ཅུ། བརྒྱད་ཅུ། དགུ་བཅུ། ཞེས་ཕྲག་གཞན་ཐམས་ཅད་ལ་༼ ཅུའམ་བཅུ ༽ཞེས་བརྗོད་ནས།ཉི་ཤུལ་༼ ཉི་བཅུའམ ༽༼ གཉིས་ཅུ ༽ ༼གཉིས་བཅུ ༽ཞེས་མི་ཟེར་བར། ཉི་ཤུ་ཞེས་ཟེར་བའི་རྒྱུ་མཚན་ཅི། ཡང་། བོད་རྒྱ་ཚིག་མཛོད་ལྟར་༼ ཤུ ༽ད་ཤ་ཟུར་ཆག་པ་ཡིན་ན། སུམ་ཤུ། བཞི་བཤུ། ལྔ་བཤུ། དྲུག་ཤུ། བདུན་ཤུ། བརྒྱད་ཤུ། དགུ་བཤུ་ཞེས་མི་བརྗོད་པ་ཅི། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ཉི་ནི་གཉིས་ཀྱི་མིང་གཞི་དང་། ཤུ་ནི་བཅུའི་སྐད་དོད་དཤ་ལས་བྱུང་ཞིང་། ཞེས་གསུངས་ཀྱང་། བཅུ་ཉིད་སྒྲ་ཉམས་ནས་ཤུར་འབོད་པར་སེམས་སོ། །དུས་རབས་བཅུ་གཅིག་པར་ལྷ་བླ་ཡེ་ཤེས་འོད་ཀྱི་དུས་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་ཀྱིས་སྐད་གསར་བཅད་གསུམ་པ་མཛད་པའི་སྐབས་ཉི་ཤུ་ལ་གཉིས་བཅུ་དང་། སུམ་ཅུ་ལ་གསུམ་བཅུ། སུམ་བརྒྱ་ལ་གསུམ་བརྒྱ། གཉི་ཟླ་ལ་ཉི་ཟླ། བསྟན་བཅོས་ལ་བསྟན་ཆོས། སྟུག་པོ་ལ་འཐུག་པོ། བསམ་གཏན་ལ་བསམ་བཏན་སོགས་འཆོས་པར་མཛད་ཀྱང་། བཀས་བཅད་གཉིས་པ་བཞིན་དུ་གནས་པ་མང་བར། སྐྱོགས་སྟོན་ལོ་ཙཱའི་དག་ཡིག་ལི་ཤིའི་གུར་ཁང་དུ་གསུངས་སོ། །བཀས་བཅད་གསུམ་པའི་སྐབས་ལོ་ཆེན་རིན་ཆེན་བཟང་པོ་དང་། དཔང་ལོ་ཙཱ་བ་ཆེན་པོ་དང་། ལོ་ཆེན་དྷརྨ་པཱ་ལ་བྷ་དྲ་སོགས་ཀྱིས་གསར་བཅོས་བྱས་པ་རྣམས་ཤིན་ཏུ་ལེགས་པར་མཐོང་ཡང་འབྲི་རྒྱུན་དར་མ་ཐུབ་པར་བཀས་བཅད་བར་པའི་སྲོལ་དེ་དེ་མུར་གནས་འདུག