2606

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉེ་བའི་མཚམས་མེད་ལྔ
Tibetan Definition མ་ཡང་ཡིན་ལ་དགྲ་བཅོམ་མ་ཡང་ཡིན་པ་ཞིག་འདོད་ལོག་གིས་སུན་ཕྱུང་བ། བྱང་ཆུབ་སེམས་དཔའ་ངེས་པ་ལ་གནས་པ་གསོད་པ། འཕགས་པ་སློབ་པའི་གང་ཟག་བདུན་པོ་གང་རུང་གསོད་པ། དགེ་འདུན་གྱི་ཞལ་གྱི་འདུ་བའི་སྒོ་འཕྲོག་པ། ཞེ་སྡང་གིས་ཀུན་ནས་བསླངས་ནས་མཆོད་རྟེན་དང་སྐུ་གསུང་ཐུགས་རྟེན་འཇིག་པར་བྱེད་པ་རྣམས་སོ། །དེ་ཡང་མ་དགྲ་བཅོམ་མ་སུན་ཕྱུང་བ་ནི་མ་གསོད་པ་དང་ཉེ་བའམ་ཆ་འདྲ། བྱང་ཆུབ་སེམས་དཔའ་ངེས་གནས་གསོད་པ་ནི། ཕ་གསོད་པ་དང་ཆ་འདྲ། འཕགས་པ་སློབ་པའི་དགེ་འདུན་གསོད་པ་ནི། དགྲ་བཅོམ་པ་གསོད་པ་དང་ཆ་འདྲ། དགེ་འདུན་གྱི་ཞལ་གྱི་འདུ་བའི་སྒོ་འཕྲོག་པ་ནི། དགེ་འདུན་གྱི་དབྱེན་དང་ཆ་འདྲ། མཆོད་རྟེན་དང་སྐུ་གསུང་ཐུགས་རྟེན་འཇིག་པར་བྱེད་པ་ནི། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་ཆ་འདྲའོ། །མཛོད་རྩ་བ་ལས། མ་དགྲ་བཅོམ་མ་སུན་བྱས་དང༌། །བྱང་ཆུབ་སེམས་དཔའ་ངེས་གནས་དང༌། །སློབ་པ་གསོད་དང་དགེ་འདུན་གྱི། །འདུ་བའི་སྒོ་ནི་འཕྲོག་པ་དག། །མཚམས་མེད་པ་དང་ཆ་འདྲ་སྟེ། །ལྔ་པ་མཆོད་རྟེན་འཇིག་པ་ཡིན། །ཞེས་གསུངས་སོ། །སྒྲ་བཤད་ནི། ཉེ་བའི་སྒྲ་འདྲ་བ་ལའང་འཇུག་པས་མཚམས་མེད་ལྔ་དང་འདྲ་བའི་ཉེས་པ་ཡིན་པས་ན་དེ་དང་ཉེ་བ་ཞེས་བརྗོད་དོ། །