From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཉེ་བའི་རིན་པོ་ཆེ་བདུན
|
Tibetan Definition
|
འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་རང་ཆས་སུ་འབྱུང་བའི་ཕུན་སུམ་ཚོགས་པའི་ཡོ་བྱད་ཉེ་བའི་རིན་ཆེན་བདུན་ཞེས་བྱ་བ་ལ་བཤད་ཚུལ་གཉིས་ཡོད་དེ། 1 དང་པོ་དྲན་པ་ཉེར་གཞག་གི་མདོ་ལས་ནི། རལ་གྲི་རིན་པོ་ཆེ། པགས་པ་རིན་པོ་ཆེ། ཁྱིམ་རིན་པོ་ཆེ། གོས་རིན་པོ་ཆེ། སྐྱེད་ཚལ་རིན་པོ་ཆེ། མལ་ཆ་རིན་པོ་ཆེ། ལྷམ་རིན་པོ་ཆེ་དང་བདུན་ནོ། །༡ རལ་གྲི་འཕྱར་བ་ཙམ་གྱིས་སྐྱེ་བོ་ཀུན་འདུད་པའི་རལ་གྲི་དང༌། ༢ པགས་པ་སྲིད་དུ་དཔག་ཚད་བཅུ་དང་ཞེང་དུ་ལྔ་པ་ཆར་གྱིས་མི་བརླན་ཞིང་རླུང་གིས་མི་བསྐྱོད་པ། གྲང་ན་བསྲོ་ཞིང་ཚ་ན་བསིལ་བར་བྱེད་ལ། གང་དུ་འགྲོ་སར་འཁོར་དང་བཅས་པའི་ཁྱིམ་གྱི་བྱ་བ་བྱེད་པའི་པགས་པ་ཞིག་ཚོང་པས་ཕུལ་བས་རྒྱ་མཚོ་ནས་བྱུང་བའི་ཀླུའི་པགས་པ་ཡིན་པར་བཤད། ༣ ཁྱིམ ཆུར་དཔག་ཚད་བཅུ་གཉིས་དང་ཞེང་དུ་བདུན་པ། གྲང་ན་དྲོ་ལ་ཚ་ན་བསིལ་ཞིང་ལྷ་མོ་རྣམས་འོངས་ནས་རོལ་མོ་བྱེད་པ། ཟླ་བ་དང་རྒྱུ་སྐར་དང་རིན་པོ་ཆེ་སོགས་ལྟ་བར་འདོད་ཀྱང་འགྲུབ་པའི་ཁྱིམ། ༤ གོས་འཇམ་ཞིང་དྲི་མ་མི་གོས་པས་གྲང་དྲོ་བཀྲེས་སྐོམ་ངལ་དུབ་ཀྱིས་མི་གནོད་པ་མེ་དང་མཚོན་སོགས་ཀྱིས་མི་ཚུགས་པའི་གོས། ༥ སྐྱེད་ཚལ་རྒྱལ་པོ་ཕྱིན་པའི་ཚེ་ལྷའི་བུ་དང་བུ་མོ་དང་བྱ་སོགས་འོངས་ནས་འདོད་ཡོན་ལ་སྤྱོད་པའི་སྐྱེད་ཚལ་དང༌། ༦ མལ་ཆ་བསམ་གཏན་བྱེད་ན་རྣམ་པར་གྲོལ་ཞིང་བློ་གསལ་བ། ཀུན་ནས་ཉོན་མོངས་པ་དང་བྲལ་བར་བྱེད་པའི་མལ་ཆ། ༧ ལྷམ་གྱོན་ན་ཆུར་མི་བྱིང་ཞིང་ཡུད་ཙམ་གྱིས་དཔག་ཚད་བརྒྱད་འགྲོ་བ་ལ་ངལ་བ་མེད་པའི་ལྷམ་བཅས་སོ། །སྒྲ་བཤད་ནི། ཉེ་བ་ནི་སྐབས་འདིར་འདྲ་བའི་དོན་ཡིན་པས་མཆོག་གི་རིན་ཆེན་བདུན་ཏེ་རྒྱལ་སྲིད་སྣ་བདུན་དང་རིན་ཐང་ཕལ་ཆེར་ཆ་འདྲ་བས་ན་ཉེ་བ་ཞེས་བྱའོ། །ཉེ་བའི་རིན་ཆེན་བདུན་འདི་དྲན་པ་ཉེར་གཞག་གི་མདོ་ལས་གསུངས་ཞེས། མཆིམས་མཛོད་དུ་གསལ་ཞིང་། མདོ་སྡེ་དྲན་པ་ཉེར་གཞག་སྡེ་དགེ་སྤར་མའི་མདོ་སྡེ་གླེགས་བམ་༼ ཡ་པ ༽༡༠༤ན༢ལས་གསུངས་སོ། །2 གཉིས་པ་གཙུག་དགུའི་དཀྱིལ་ཆོག་ལས་བཤད་ཚུལ་ནི། ཉེ་བའི་རིན་ཆེན་རལ་གྲི་དང༌། །བྱམས་དང་སྙིང་རྗེ་པགས་པ་དང༌། །འདོད་ལྡན་སྐྱེད་མོས་ཚལ་ཉིད་དང༌། །ཞི་གནས་ལྷག་མཐོང་མདའ་གཞུ་དང༌། །གོས་མཆོག་ཡང་དག་སྐྱབས་ལྡན་དང༌། །ལྷམ་མཆོག་འགྲོ་ན་ལྟ་སྡུག་དང༌། །ཚངས་པའི་ཁབ་སྐུད་བཅས་པ་བདུན། །དེ་ཡང་ལོངས་སྤྱོད་རྐྱེན་དུ་ཤོག །ཅེས་གསུངས་སོ། །
|