2660

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང
Tibetan Definition ཐེག་ཆེན་གྱི་ལུགས་ལ། ཉོན་མོངས་ཀྱི་སྤྱོད་པ་དང་ཆོས་ཀྱི་སྒོ་དང་ཕར་ཕྱིན་དང་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་རེ་རེ་ལ་བརྒྱད་ཁྲི་བཞི་སྟོང་ཡོད་པར་བཤད་ལ། དེ་དག་ཀྱང་མདོར་བསྡུས་པ་ཡིན་གྱི། ཞིབ་ཏུ་ཕྱེ་ན་དཔག་ཏུ་མེད་པར་བཤད་པའང་ཡོད་དོ། །མདོ་སྡེ་བསྐལ་བཟང་ལས། ཡོངས་སུ་སྦྱོང་བར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ནས་རིང་བསྲེལ་རྣམ་པར་དབྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བར་ཕར་ཕྱིན་དྲུག་ཚན་སུམ་བརྒྱ་ལྔ་བཅུ་བཤད་པ་དེ་སོ་སོར་ཕྱེ་ན་ཉིས་སྟོང་ཆིག་བརྒྱ་ཡོད་པ་འདོད་ཆགས་ལ་སྤྱོད་པ་དང༌། ཞེ་སྡང་ལ་སྤྱོད་པ་དང༌། གཏི་མུག་ལ་སྤྱོད་པ་དང༌། ཆ་མཉམ་ལ་སྤྱོད་པའི་གཉེན་པོར་ཕྱེ་བས་བརྒྱ་སྟོང་བཞི་བརྒྱའོ། །དེ་དག་བརྒྱད་ཁྲི་བཞི་སྟོང་དུ་འགྱུར་ཚུལ་ནི། རྒྱ་ནག་གི་འགྲེལ་ཆེན་ལས། འདི་ཇི་ལྟར་བསྐལ་བ་བཟང་པོའི་མདོ་ལས། སྒོ་སུམ་བརྒྱ་ལྔ་བཅུ་རེ་རེ་ལ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་པ་དེས་ན་ཕ་རོལ་ཏུ་ཕྱིན་པ་ཉིས་སྟོང་ཆིག་བརྒྱ་ཉིད་དུ་འགྱུར་ཏེ། གཉེན་པོ་དེ་དག་འབྱུང་བ་ཆེན་པོ་བཞི་དང་ཞེ་སྡང་དྲུག་གི་ནང་རབ་ཏུ་སྦྱར་བས་ཉིས་ཁྲི་ཆིག་སྟོང་དུ་འགྱུར་ལ། དེ་བཞིན་དུ་འདོད་ཆགས་ལ་སོགས་པའི་རྣམ་པ་བཞིའི་གཉེན་པོའི་ཕྱིར་བརྒྱད་ཁྲི་བཞི་སྟོང་ཉིད་དུ་འགྱུར་རོ། །ཞེས་གསུངས་པ་ལྟ་བུའོ། །ཞེས་སོ། །དེས་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་ལ་ཡང་རིགས་འདྲེ། མདོ་སྡེ་བསྐལ་བཟང་དུ་ཕར་ཕྱིན་ཉིས་སྟོང་ཆིག་བརྒྱ་གསལ་བར་བཤད་འདུག་པས་དེ་དག་གི་མི་མཐུན་ཕྱོགས་དང་སྦྱར་ནས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཡང་ངོས་འཛིན་རྒྱུ་ཡོད་པ་ལྟ་བུར་སྣང་ངོ༌། །ཞེས་དཔལ་ལྡན་ཆོས་རྗེའི་གྲུབ་མཐའ་ཆེན་མོའི་མཆན་འགྲེལ་དུ་གསུངས་སོ། །