2708

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏིང་ངེ་འཛིན
Tibetan Definition <སམཱདྷི> བརྟགས་ཟིན་པའི་དངོས་པོ་ལ་དམིགས་ནས་རྒྱུན་ལྡན་དུ་འཛིན་པའི་སེམས་རྩེ་གཅིག་པར་བྱེད་པས་རབ་ཏུ་ཕྱེ་བའི་སེམས་བྱུང་ཞིག་སྟེ། ཡུལ་ངེས་ལྔའི་བཞི་པའོ། །རྒྱལ་ཚབ་ཆོས་རྗེའི་ཀུན་བཏུས་དར་ཊཱིཀ་ལྟར་བཀོད། བཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱི་སེམས་སེམས་བྱུང་གི་འགྲེལ་པར། བཏགས་པའི་དངོས་པོ་ལ་དམིགས་ནས་ཞེས་གསུངས་ཤིང་། དེ་ནི་ཏིང་ངེ་འཛིན་སྒོམ་པའི་ཚེ་བློས་བཏགས་པའི་དམིགས་པ་ལ་སེམས་འཛིན་པ་ཡིན་པས་བཏགས་པ་ཞེས་གསུངས་པ་ཡིན་ནོ། །རྒྱལ་ཚབ་དང་བཀའ་ཆེན་གྱིས་ཏིང་ངེ་འཛིན་གྱི་མཚན་ཉིད་ཀྱི་ཟུར་དུ་ཅིག་གིས་བརྟགས་པདང་ཅིག་ཤོས་ཀྱིས་བཏགས་པཞེས་མི་འདྲ་བ་གསུངས་པ་ལ་གོ་རྒྱུ་མི་འདྲ་བ་གཉིས་ཡོད་པར་ཤེས་པར་བྱའོ། །སམཱདྷི་ཞེས་པ་ཡང་དག་པར་འཛིན་པ་ཞེས་པའི་དོན་ཡིན་ལ། དེ་ཡང་ས་མཱ་ཞེས་པ། ཡང་དག་པ། ཀུན་ཏུ། རྫོགས་པ་བཅས་ཀྱི་དོན་དང་། དྷི་ནི་འཛིན་པའོ། །ཀླུ་སྒྲུབ་ཀྱི་བཟང་སྤྱོད་འགྲེལ་པ་༡༧༤བ་ལས། ཏིང་འཛིན་སྟོབས་ཞེས་བྱ་བ་ནི་ཡང་དག་པར་འཛིན་པས་ཏིང་ངེ་འཛིན་ཏེ་བསམ་གཏན་ནོ། །སྒྲ་བཤད་ཚུལ་མང་དུ་ཡོད་ཀྱང་། ཏིང་ངེ་ནི་ཐང་ངེ་། འཛིན་ནི་མི་གཏོང་བའོ། །དཔེར་ན་ཐག་པ་དང་གོས་ཡུག་སོགས་ཡ་ཡོ་དང་ཁམ་ཁུམ་མེད་པར་དམ་དུ་འཛིན་པ་ལ། ཐང་ངེ་འཛིན་ཞེས་བརྗོད་པ་ལྟར། སེམས་དམིགས་པ་ལ་དམ་དུ་བཟུང་ནས་མི་གཏོང་བར་འཛིན་པ་ལ་ཏིང་ངེ་འཛིན་ཞེས་བྱའོ། །དེས་ན་ཏིང་ངེ་ནི་མི་གཡོ་བ། འཛིན་ནི་མི་གཏོང་བའོ། །ཐང་ཞེས་པ་དམ་པོའི་དོན་ལ་འཇུག་པ་ནི། དཔེར་ན་དམ་ལྷོད་ལ་ཐང་ལྷོད་ཅེས་པ་ལྟ་བུའོ། །ཞིབ་པར་ཐང་ལྷོད་ལ་གཟིགས། ཡང་ན་ཏིང་ངེ་ནི་བརྟན་པ། འཛིན་ནི་སྔར་བཤད་པ་ལྟར་མི་གཏོང་བའི་དོན་ཡིན་པས། སེམས་དམིགས་པ་ལ་བརྟན་པར་བཟུང་ནས་མི་གཏོང་བས་ན་ཏིང་ངེ་འཛིན་ཞེས་སྒྲ་བཤད་ཀྱང་རུང་སྟེ། བརྟན་ཞིང་མི་འགྱུར་བ་ཏིང་ངེ་བའི་དོན་དུ་ལུང་ཕྲན་ཚེགས་ཀྱི་འགྲེལ་པར་གསུངས་པས་སོ། །ཡང་། ཏིང་ངེ་ནི་རྒྱུན་ཆགས་པ། འཛིན་ནི་མི་གཏོང་བའོ། །དེས་ན་སེམས་དམིགས་པ་ལ་རྒྱུན་ཆགས་པར་དམ་དུ་བཟུང་ནས་མི་གཏོང་བས་ན་ཏིང་ངེ་འཛིན་ནོ། །དེ་ཡང་ཏིང་ངེ་ཞེས་བྱ་བ་ནི། སྦྲེང་ངེ་། ཚུག་གེ སྟར་ཆགས་པ། རྒྱུན་ཆགས་པ། བར་མ་ཆད་པ་ཞེས་བྱ་བའི་དོན་ཡིན་པར། བྲ་ཏི་དགེ་བཤེས་རིན་ཆེན་གྲུབ་གསུང་བ་ནི། རྒྱལ་ཚབ་ཆོས་རྗེའི་ཀུན་བཏུས་དར་ཊཱིཀ་དང་ཡང་མཐུན་ནོ། །ཡང་དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ་༣༢༨ལས་ཀྱང་། རང་རང་གི་དམིགས་པ་ལ་སེམས་རྩེ་གཅིག་ཏུ་ཐང་ངེ་སྦྲེང་ངེ་སོ་ཚུགས་པ་ལ་བསམ་གཏན་ནམ། ཏིང་ངེ་འཛིན་ཟེར། ཞེས་གསུངས་པའང་གོང་དུ་བཤད་པ་དང་མཐུན་ནོ། །ཡང་ན། རྗེའི་སྔགས་རིམ་ཆེན་མོ་ལས། སེམས་རྩེ་གཅིག་ཏུ་བྱེད་ཅིང་སེམས་ལ་འཇོག་པས་ན་ཏིང་ངེ་འཛིན་ཞེས་བྱའོ། །ཞེས་གསུངས་པ་ལྟར་རོ། །