2724

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏུན་ཧོང་དང་དེ་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་སྐོར
Tibetan Definition ཐོན་མར་ཏུན་ཧོང་ (Dunhuang or Tun-huang) གི་ལོ་རྒྱུས་བཤད་པ་ལ། ཏུན་ཧོང་ནི་བྱེ་ཐང་གི་དཀྱིལ་དུ་ཆགས་པའི་དེང་སང་རྒྱ་ནག་ཀན་སུའུ་ (Gansu Province) ཞིང་ཆེན་གྱི་གྲོང་ཁྱེར་ཞིག་ཡིན་ལ། དེ་ནི་ཤིན་ཅང་དང་ནང་སོག་གཉིས་བར་དུ་ཆགས་པའི་ས་ཁུལ་ཞིག་ཡིན། གནའ་བོར་ནི་ཤིན་ཅང་གི་ཆ་ཤས་སུ་གཏོགས་པར་མངོན། ལོའུ་ལན་ (Lou-Lan) ཞེས་པའི་གྲོང་ཁྱེར་དང་ས་ཐག་མི་རིང་བའི་ས་ན་ཡོད། ཏུན་ཧོང་ནི་སྔ་མོ་བོད་ཀྱིས་ཀྱང་དབང་བསྒྱུར་བྱས་ཏེ་ལོ་དྲུག་ཅུ་སྐོར་ཞིག་བོད་ཀྱི་མངའ་ཞབས་སུའང་བཅུག་མྱོང་ཡོད། དེ་སྐོར་གཤམ་དུ་གཟིགས། ཏུན་ཧོང་གི་གོ་དོན་ནི། མེ་ལྕེ་རབ་ཏུ་འབར་བའི་སྒྲོན་མེ་ཞེས་པ་ཡིན། འདི་ནི་གནའ་བོ་གོས་ཆེན་གྱི་ཚོང་ལམ་ (Silk Road) ཞེས་ཡོངས་སུ་གྲགས་པ་དེའི་འདུས་མདོ་གལ་ཆེན་ཞིག་ཏུའང་འཁེལ་གྱི་ཡོད། གནའ་བོ་འདི་ལ་ Sha Zhou(Beautiful desert Oasis) མཛེས་སྡུག་ལྡན་པའི་བྱེ་ཐང་གི་གྲོང་ཁྱེར་གཤིན་པོ་ཞེས་བརྗོད་ཀྱི་ཡོད། ཕྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་མཇུག་ཙམ་ལ་ཧན་རྒྱལ་རབས(ཕྱི་ལོའི་སྔོན་གྱི་དུས་རབས་༢༠༦ BC ནས་ཕྱི་ལོའི་དུས་རབས་༢༢༠ AD) ཀྱི་སྐབས་ཐོག་མར་རྒྱ་ནག་གི་མངའ་ཁོངས་སུ་ཚུད། ཧན་རྒྱལ་རབས་ཀྱི་མངའ་ཐང་ཉམས་ནས། དུས་རབས་བཞི་པ་དང་ལྔ་པའི་ནང་འདི་ཕྱེད་རང་བཙན་ (Semi-Independent) གྱི་རྒྱལ་ཁབ་ཅིག་ཏུ་གྱུར། ཡང་དུས་རབས་ལྔ་པའི་མཇུག་ཙམ་ལ་བྱང་མའི་ རྒྱལ་རབས་ (ཕྱི་ལོ་༤༢༠-༥༨༡) སྐབས་སླར་ཡང་རྒྱའི་ཁྱབ་ཁོངས་སུ་གྱུར། ཕྱི་ལོ་ (༦༡༨) ལོར་ཐང་རྒྱལ་རབས་ (༦༡༨-༩༠༧) ཀྱི་སྐབས་སུའང་རྒྱའི་འོག་ཏུ་གནས་མུས་རེད། དེ་ནས་ཕྱི་ལོ་ (༧༨༡ནས༨༤༨) བར་ཁྲི་སྲོང་ལྡེ་བཙན་སྐབས་བོད་པས་དབང་བསྒྱུར་བྱས་ཏེ་བོད་ཀྱི་མངའ་ཞབས་སུ་བསྡུས་ཞེས་དཔྱོད་ལྡན་འགའ་ཞིག་གསུང་། ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱི་སྐབས་སུ་ཡིན་ནམ་སྙམ་པའི་དོགས་པ་ཡང་འདུག་ན། ད་དུང་ཞིབ་ཏུ་དཔྱད་པར་བྱའོ། །ཕྱི་ལོ་ (༨༤༨) ལོར་སླར་ཡང་ཐང་རྒྱལ་རབས་ཀྱི་ལག་ཏུ་ཤོར། ཕྱི་ལོ་ (༡༢༢༧) ལོར་ཡོན་ནམ་སོག་པོའི་རྒྱལ་རབས་ཀྱི་མངའ་འོག་ཏུ་ཚུད། དེ་ནས་དུས་རབས་བཅོ་ལྔ་པ་ནས། དུས་རབས་བཅོ་བརྒྱད་པའི་ཕྱི་ལོ་ (༡༧༢༣) ལོའི་བར་ཏུར་ཕན་གྱི་རྒྱལ་པོས་ (Turfan King) དབང་བསྒྱུར་བྱས་ཏེ་ཡུ་གུར་གྱི་མངའ་ཁོངས་སུ་བསྡུས། དེ་ནས་ཕྱི་ལོ་ (༡༧༢༣) ལོར་ཆིང་རྒྱལ་རབས་ཀྱི་མངའ་འོག་ཏུ་བཅུག་པ་བཅས་སོ། །གྲོང་ཁྱེར་དེའི་ཉེ་འདབས་སུ་ནང་པའི་བྲག་ཕུག་བདུན་བརྒྱ་ལྔ་བཅུ་ཙམ་ཡོད་ཅིང་དེ་དག་ལ་སངས་རྒྱས་སྟོང་གི་བྲག་ཕུག་གམ་མའོ་ཀུའོབྲག་ཕུག (Mogao Caves) ཅེས་ཟེར། ཏོང་ཧང་དང་། ཏོན་ཧོང་། ཏོན་ཧྭང་། ཏུང་ཧང་སོགས་འབྲི་ཚུལ་སྣ་ཚོགས་ཤིག་སྣང་ངོ་། །༼ ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ནི ༽ གནའ་རྫས་ཉམས་ཞིབ་པ་ཨོ་རེལ༈ས་ཊ་ཨེན་Aurel Stein ཞེས་པ་སྐྱེས་ཡུལ་ཧང་གྷ་རི་Hungary ནས་ཡིན་ཞིང་། དབྱིན་ཇིའི་ British Citizen མི་སེར་ཡིན་པ་ཞིག་གིས། ཕྱི་ལོ་༡༩༠༧ལོར་ཏུང་ཧོང་གི་གྲོང་ཁྱེར་ནས་ཀི་ལོ་མི་ཀྲར་༢༥ཙམ་གྱི་གནས་སུ་སངས་རྒྱས་སྟོང་གི་བྲག་ཕུག་གམ་མའོ་ཀུའོབྲག་ཕུག་ (Mogao Caves) ཏུ་འབོད་པ་དེའི་ནང་ནས་རྙེད་སོན་བྱུང་བའི་གནའ་བོའི་ཡིག་ཆ་རྙིང་པ་རྣམས་ལ། ཏུན་ཧོང་ནས་ཐོན་པའི་ཡིག་ཆ་དང་། ཏུན་ཧོང་ཤོག་དྲིལ། ཏུན་ཧོང་གཏེར་ཡིག་བཅས་ཟེར་བ་རེད། ཡིག་ཆ་དེ་དག་ཐོག་མར་རྙེད་མཁན་ནི་དྷའོ་ Taoist ཆོས་ལུགས་ཀྱི་རྒྱའི་ཧ་ཤང་ཞིག་ཡིན་ཞིང་། གསར་རྙེད་བྱུང་བའི་གནའ་རྫས་དེ་དག་ལས་གཙོ་བོ་ནི་གནའ་རབས་ཀྱི་ཡིག་ཆ་རྙིང་པ་རྣམས་ཡིན་ལ། ཡིག་རྙིང་ཕལ་མོ་ཆེ་རྒྱ་ཡིག་ཐོག་ཡོད་པ་ཡིན་ལ། བོད་དང་། ཤིན་ཅང་སོགས་སྐད་རིགས་གཞན་ཡང་མི་ཉུང་བ་ཞིག་ཡོད། གཞན་ཡང་རི་མོ་དང་ལག་རྩལ་ལས་ཐོན་པའི་གནའ་རྫས་ཀྱི་རིགས་མང་པོ་ཞིག་ཀྱང་རྙེད་སོན་བྱུང་ཡོད། གནའ་རྫས་དེ་དག་ལ་ཞིབ་འཇུག་བྱེད་སྐབས་བྲག་ཕུག་འདི་ཕྱི་ལོ་ཆིག་སྟོང་དང་བགྲང་བྱ་ལྔ་༡༠༠༥ཙམ་ནས་གཞན་གྱིས་མ་ཚོར་བར་སྣང་མེད་ལྐོག་ཏུ་ལུས་པའི་ཚོད་དཔག་བྱེད་ཅིང་། ཡིག་ཆ་འདི་དག་བྲག་ཕུག་གི་ལྷ་ཁང་ཞིག་ཏུ་ (ཕྱི་རྒྱལ་གྱི་དཔེ་དེབ་ཅིག་ནང་འདི་གསང་བའི་དཔེ་མཛོད་རེད་ཟེར) ཕྱི་ནས་རྩིག་པ་དང་འདག་ཞལ་བརྒྱབ་ནས་མི་ལོ་ཆིག་སྟོང་དང་གཉིས་ཙམ་རིང་གནོད་སྐྱོན་མ་བྱུང་བར་གནས་ཐུབ་ཡོད་ཅིང་། ཨོ་རེལ༈ས་ཊ་ཨེན་གྱིས་༡༩༠༧ལོར་བརྒྱབ་པའི་བྲག་ཕུག་ཨང་བཅུ་དྲུག་༡༦པའི་འདྲ་སྤར་ཞིག་ནང་། ཡིག་ཆའི་ཤོག་དྲིལ་རྣམས་གཅིག་ཐོག་གཅིག་བརྩེགས་ཏེ་སྤུངས་ནས་བཞག་པ་ཞིག་དབྱིན་ཇིའི་འཛམ་གླིང་དྲ་རྒྱ་ཞིག་ནང་མཐོང་རྒྱུ་འདུག ཨོལ་རེལ་ས་ཊ་ཨེན་གྱིས་བྲག་ཕུག་དང་དགོན་པའི་མཁན་པོའམ་དཀོན་གཉེར་རྒྱའི་ཧ་ཤང་ཝང་ཡོན་ལུ་Wang Yuanlu” ལ་ལྐོག་རྔན་བྱིན་ནས་ཡིག་ཆ་རྣམས་གསང་སྟབས་སུ་འོར་འདྲེན་བྱས་ཏེ། རྒྱ་གར་གྱི་ (སྐབས་དེ་དུས་རྒྱ་གར་དབྱིན་ཇིའི་དབང་སྒྱུར་འོག་གནས་མུས་རེད) རྒྱལ་ས་ལྡི་ལི་གསར་པའི་འགྲེམ་སྟོན་ཁང་ National Museum of India, New Delhi (དགེ་འདུན་ཆོས་འཕེལ་གྱིས་ཀྱང་ལྡི་ལིའི་དཔེ་མཛོད་འདི་ནས་ཏུང་ཧོང་གི་ཡིག་རྙིང་རྣམས་ལག་སོན་བྱུང་སྟེ། དེ་དག་ལ་གཞི་བྱས་ཏེ་རྒྱལ་རབས་དེབ་ཐེར་དཀར་པོ་བརྩམས་པར་འདུག་ཅིང) དང་། དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་གྱི་དཔེ་མཛོད་དང་འགྲེམ་སྟོན་ཁང་དུ་ཕུལ་ཏེ་ད་ལྟ་མཐོང་རྒྱུ་ཡོད། ཤོག་ལྡེབས་ཀྱི་ངོས་སུ་ཕྱི་ལོ་༨༦༨ཕྱི་ཟླ་ལྔ་པའི་ཚེས་༡༡ཅེས་ལོ་ཚིགས་འཁོད་པའི་རྡོ་རྗེ་གཅོད་པའི་དཔེ་རྙིང་ཞིག་ཀྱང་དེ་དུས་རྙེད་སོན་བྱུང་འདུག གོང་དུ་བཤད་པའི་སངས་རྒྱས་སྟོང་གི་བྲག་ཕུག་གི་ལོ་རྒྱུས་ནི། སྔོན་ཐང་རྒྱལ་རབས་ཀྱི་སྐབས་སུ་རྒྱའི་ཧ་ཤང་ཞིག་ལ་གསེར་འོད་འཕྲོ་བའི་འོད་ཟེར་གྱི་གསེབ་ནས་སངས་རྒྱས་སྟོང་གི་གཟིགས་སྣང་བྱུང་ནས་ལྷ་ཁང་བཞེང་འགོ་བཙུགས་ཤིང་། དེ་ནས་ཐང་གི་རྒྱལ་བརྒྱུད་བཅུའི་རིང་ལ་མུ་འཐུད་དེ་བཞེངས་ནས་ཁྱོན་བསྡོམས་བྲག་ཕུག་བདུན་བརྒྱ་ལྔ་བཅུ་༧༥༠ཙམ་ཡོད་པའི་ལོ་རྒྱུས་ཡོད། དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་པོ་༤༥ལས་ཏུན་ཧོང་ནས་ཐོན་པའི་ཡིག་ཆའི་སྐོར་མདོར་བསྡུས་ཤིག་འབྱུང་བ་འདི་ལྟར། ད་ལྟའི་ལོ་སུམ་ཅུ་ལྷག་གི་སྔ་རོལ་དུ། ལི་ཡུལ་གྱི་བས་མཐའ་ཏོང་ཧང་བྱ་བའི་གནས་སུ། སྔོན་གྱི་ལྷ་ཁང་ཞིག་རལ་དུ་གྱུར་པ་གཅིག་གི་རྩིག་པའི་གསེབ་ནས། བོད་དང་ཡུ་གུར་གྱི་ཡིག་རྙིང་ཤོག་དྲིལ་འཕོན་ཆེ་ཞིག་འཐོན་པའི་གྲས་ཡིན་ལ། ཡིག་རིགས་དེ་རྣམས་རྒྱལ་ཁབ་དུ་མས་བགོ་བཤའ་བྱས་ཤིང་། རྒྱ་གར་དང་ཕྱི་རྒྱལ་གྱི་རྟོག་ཞིབ་བྱེད་པ་མང་པོ་ཞིག་གི་ལག་ཏུ་བཏང་བ་ལས། ཕྱི་མོ་དངོས་ཀྱི་ཆ་ཤས་དང་། སྤར་བཏབ་པ་དང་། ངོ་བཤུས་བྱས་པ་སོགས་སྣ་ཚོགས་ཤིག་ཕྲན་གྱིས་མཐོང་བ་རྣམས་ཕན་ཚུན་ཞིབ་བསྡུར་བྱས་ཏེ་ཡིད་བརྟན་རུང་བར་བཀོད་ལ། ད་ལྟ་འདིའི་ཕྱི་མོའི་བྱིངས་རྣམས་ཕ་རན་སི་དང་དབྱིན་གཞུང་གཉིས་ནས་བདག་སྤྲོད་བྱས་ཏེ་ཡོད་འདུག་ཅིང་། ཆ་ཤས་མང་ཙམ་ཞིག་པེ་ཅིང་དུ་ཡང་འཁྱེར་ཞེས་ཟེར། ཞེས་སོགས་གསལ་ལོ། །ཉེ་སྔོན་ངེད་རང་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་འགྲོ་དུས་དཔེ་མཛོད་ཆེན་པོ་ཞིག་ཏུ་ཏུན་ཧོང་གི་ཡིག་རྙིང་ཕྲན་བུའི་ཀློག་རྒྱུའི་གོ་སྐབས་བྱུང་ཞིང་། ཏུན་ཧོང་གི་ཡིག་རྙིང་སོགས་གཟིགས་འདོད་ན་དབྱིན་ཇིའི་དྲ་རྒྱ་ http://idp.bl.uk/idp.a4d ལ་ཕེབས་ནས། རང་གི་ལག་གཡོན་ཕྱོགས་སུ་ Catalogue Search ཞེས་པར་བསྣུན་ན་དཔེ་རྙིང་མང་དག་ཅིག་གཟིགས་ཐུབ།