From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཐ་སྙད་ཚད་གྲུབ
|
Tibetan Definition
|
(དབུ་མ) 1 ཐ་སྙད་པའི་ཚད་མས་ཇི་ལྟར་བཞག་པ་ལྟར་གྲུབ་པ་ལ། ཐ་སྙད་ཚད་གྲུབ་ཟེར། དཔེར་ན། བུམ་པ་ངེས་པའི་ཚད་མས་བུམ་པ་ཇི་ལྟར་གཞལ་བ་བཞིན་དུ་གྲུབ་པ་ལྟ་བུའོ། །དེ་བཞིན་དུ་བུམ་པ་ལ་བུམ་པ་ཞེས་པའི་ཐ་སྙད་དེ་ཚད་མའམ་མི་བསླུ་བའམ་ཡང་དག་པ་ཡིན་པ་དང་། དེས་ཇི་ལྟར་བཞག་པ་ལྟར་གྲུབ་པའོ། །སྤྱིར་བཏང་། ཐ་སྙད་ཚད་གྲུབ། ཚད་གྲུབ། ཚད་མས་གྲུབ་པ། ཡོད་པ། ཐ་སྙད་དུ་ཡོད་པ་རྣམས་དོན་གཅིག འདི་ལ་དཔྱད་པར་བྱ་བ་འདི་འདྲ་ཞིག་ཡོད་དེ། གཞན་ཕྱོགས་པ་མང་པོ་ཞིག་གིས་ཐ་སྙད་ཚད་གྲུབཅེས་པ་འདི། རྗེ་ཙོང་ཁ་པ་ཆེན་པོའི་སྒེར་གྱི་ཐ་སྙད་ལྟ་བུ་ཞིག་ཏུ་ངོས་འཛིན་བྱས་ཏེ། ཤ་ཐང་ཐང་དུ་འགོག་ཅི་ཐུབ་བྱེད་ཀྱང་། ཐ་སྙད་འདི་རྗེ་ཙོང་པ་ཆེན་པོས་ཕྱག་གིས་བསྟར་ནས་བྲིས་པའི་ལེགས་བཤད་ཆེན་པོ་རྣམས་སུ་ནི་མི་སྣང་སྟེ། རྗེའི་དབུ་མའི་ཊཱི་ཀ་ཆེན་པོ་དགོངས་པ་རབ་གསལ། རྗེའི་ལམ་རིམ་ཆེ་འབྲིང་ཆུང་གསུམ། ལེགས་བཤད་སྙིང་པོ། ལེགས་བཤད་གསེར་ཕྲེང་། སྔགས་ཕྱོགས་ནས། རྗེའི་རིམ་ལྔ་གསལ་སྒྲོན། རིམ་ལྔ་གདན་རྫོགས། སྔགས་རིམ་ཆེན་མོ། འགྲེལ་པ་བཞི་སྦྲགས། མཐའ་གཅོད་མྱུ་གུ། སྦས་དོན་ཀུན་གསལ། བདེ་མཆོག་འགྲེལ་པ་འདོད་འཇོ། གསང་སྔགས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་བཤད་དངོས་གྲུབ་སྙེ་མ་སོགས་སུ་ཟུར་ཙམ་ཡང་མི་འབྱུང་བས། ད་ཁྱེད་ཅག་ལ་བསྟན་རྒྱུ་ཡོད་ན་སྟོན་ཅིག 2 ཐ་སྙད་དམ་ཆོས་ཅན་ཀུན་རྫོབ་ཀྱི་ཆོས་རྣམས་ཚད་མས་གྲུབ་ཅིང་གཏན་ལ་ཕབ་པ་ལ། ཐ་སྙད་ཚད་གྲུབ་ཟེར་ཏེ། མཁས་གྲུབ་ཆོས་རྗེས་མཛད་པའི་རྗེའི་གསང་བའི་རྣམ་ཐར་རིན་པོ་ཆེའི་སྙེ་མ་ལས། མདོར་ན་ཐ་སྙད་ཚད་མས་གྲུབ་པ་བཞག་ས་མེད་པར་འཁྲུལ་ངོ་ཙམ་ལ་བསྙད་ནས་གཞན་ངོར་འཇོག་པ་མ་གཏོགས། རང་ལུགས་ལ་གང་ཡང་བཞག་ས་མེད་པར་ལས་འབྲས་ལ་སྐུར་འདེབས་ཀྱི་ཆད་ལྟ་ཆེན་པོ་ལ་དབུ་མའི་ལྟ་བའི་མཆོག་ཏུ་འཛིན་པ་དེ་ཉིད་འགག་པའི་ཆེད་དུ། རྗེ་བཙུན་གྱིས་ནན་ཏུར་ཆེ་བར་མཛད་དོ། །ཞེས་གསུངས་ཤིང་། གུང་ཐང་བསྟན་པའི་སྒྲོན་མེའི་རྗེའི་བསྟོད་པའི་དོན་ལྡན་མའི་འགྲེལ་པ་༤༠ལས་ཀྱང་། ཐ་སྙད་ཚད་གྲུབ་སྔོན་དུ་མ་སོང་བར་རང་བཞིན་མེད་པར་བཟུང་བར་རློམ་པ་ཡང་རང་བཞིན་མེད་དོ་ཞེས་པའི་ཚིག་ཙམ་ལ་ཡིད་བཟླས་བྱས་པའམ། ཡེ་མེད་དུ་བཟུང་བར་འགྲོ་ཡི། རང་བཞིན་མེད་རྟོགས་ཀྱི་བློར་མི་འགྱུར་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཆོས་ཅན་ཡོད་ན་ཆོས་རྣམས་ལ། །འཇིག་རྟེན་ན་ནི་དཔྱོད་པ་འཇུག །ཅེས་དང་། དབུ་མ་ལུང་རིགས་གཏེར་མཛོད་ལས། ཐ་སྙད་ཚད་གྲུབ་འཇོག་མི་ཤེས་པར་རང་བཞིན་མེད་པ་རྟོགས་མི་སྲིད་པར་ཐལ། ཚད་གྲུབ་འཇོག་མི་ཤེས་པར་རང་བཞིན་མེད་པར་བཟུང་བས་སྟོང་ཉིད་རྟོགས་མི་ཐུབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཞེས་སོགས་གསུངས། 3 ཡང་། དོན་དམ་པར་མེད་ཀྱང་ཐ་སྙད་ཀྱི་དབང་གིས་བྱ་བྱེད་ཀྱི་རྣམ་གཞག་འཐད་པའམ་འཇོག་ཐུབ་པ་ལ་ཐ་སྙད་ཚད་གྲུབ་ཟེར། 4 ཡང་། ཐ་སྙད་བདེན་པ་སྟེ་ཀུན་རྫོབ་བདེན་པ་ཚད་མས་གྲུབ་པ་ལའང་ཐ་སྙད་ཚད་གྲུབ་ཟེར་རོ། །5 ཡང་། ཐ་སྙད་པའི་བློས་ཕར་བཏགས་ཙམ་མིན་པར་གདགས་གཞིའི་ངོས་ནས་གྲུབ་པ་ལའང་། ཐ་སྙད་ཚད་གྲུབ་ཟེར་བ་ཡང་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་དགེ་ལྡན་པའི་མཁས་པ་འགའ་རེས་ཐ་སྙད་ཚད་གྲུབ་མེད་ཅེས་སྨྲ་མཁན་ཡང་ཡོད་དོ། །དེ་ནི་རང་ངོས་ནས་གྲུབ་པ། རང་བཞིན་གྱིས་གྲུབ་པ། ཐ་སྙད་བཏགས་པའི་བཏགས་དོན་བཙལ་བའི་ཚེ་ན་རྙེད་པ་ཞེས་བྱ་བ་དང་དོན་འདྲའོ། །ཐ་སྙད་ཚད་གྲུབ་འདོད་ཚུལ་ཐ་མ་འདི་ནི་ནོར་བར་སེམས་སོ། །
|