2824

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐབས་ཤེས་ཡ་མ་བྲལ་བ
Tibetan Definition མདོའི་སྐབས་སུ་ཐབས་ཤེས་གཉིས་ཕན་ཚུན་གཅིག་གྲོགས་གཅིག་ཏུ་སོང་བ་ཙམ་ཡིན་ལ། སྔགས་ཀྱི་སྐབས་སུ་ནི་དེ་གཉིས་ཤེས་པ་གཅིག་གི་ངོ་བོར་ཚོགས་པས་ཐབས་ཤེས་ཡ་མ་བྲལ་བ་ཡིན། དེའི་ཚུལ་ནི། རྒྱ་ཆེ་བ་ལྷའི་རྣལ་འབྱོར་དང་ཟབ་པ་རང་བཞིན་མེད་པ་རྟོགས་པའི་ཤེས་རབ་གཉིས་ཤེས་པ་གཅིག་གི་ངོ་བོར་དུས་གཅིག་ཏུ་ཚོགས་པའི་ཐབས་ཤེས་དབྱེར་མེད་ལ་བྱེད་པའི་ཕྱིར། སྔགས་རིམ་ལས། འབྲས་བུའི་སྐབས་སུ་ལུས་མཚན་དཔེས་སྤྲས་པའི་རྟེན་དང་དེ་ལ་བརྟེན་པའི་དམིགས་མེད་ཀྱི་ཐུགས་གཉིས་ངོ་བོ་དབྱེར་མེད་དུས་གཅིག་ཏུ་གནས་པ་བཞིན་དུ་ལམ་གྱི་སྐབས་སུ་ཡང་རྣལ་འབྱོར་པའི་ཡིད་ངོ་ན་རང་གི་སྐུ་དེ་བཞིན་གཤེགས་པའི་སྐུའི་རྣམ་པར་སྣང་བའི་ཐབས་དང༌། དེའི་ཚེ་རང་གི་སེམས་ཆོས་ཀྱི་དེ་ཁོ་ན་ཉིད་རང་བཞིན་མེད་པ་ལ་དམིགས་པའི་ཤེས་རབ་གཉིས་ཤེས་པ་གཅིག་གི་ངོ་བོར་དབྱེར་མེད་པ་དུས་གཅིག་ཏུ་ཚོགས་པའི་ཐབས་ཤེས་དབྱེར་མེད་དུ་བྱ་དགོས་ཏེ། ཞེས་གསུངས་པ་ལྟར་རོ། །