2857

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐིག་ལེའི་མཆོག་མ
Tibetan Definition ཚངས་པས་སྤྲུལ་པས་ཤིན་ཏུ་མཛེས་པའི་ལྷའི་བུ་མོ་ཞིག འདི་ལ་ཚངས་པ་རང་ཉིད་ཀྱང་ཆགས་ཞེས་གྲགས། སྒྲ་བཤད་ནི། འདི་ལ་ཐིག་ལེའི་མཆོག་མ་ཟེར་བའི་རྒྱུ་མཚན་ནི། ཁྱད་པར་དུ་འཕགས་པའི་བསྟོད་པའི་རྒྱ་ཆེར་བཤད་པ་ལས། ལྷ་རྣམས་ཀྱིས་རང་གི་ལུས༌ལས་འོད་ཏིལ་འབྲུ་ཏིལ་འབྲུ་ཙམ་བྱིན་ནས། དེ་ལས་ཐིག་ལེའི་མཆོག་མ་ཞེས་བྱ་བའི་ལྷའི་བུ་མོ་ཞིག་བསྐྱེད་ནས། དེ་ཡང་ཚངས་པ་ལ་བསྐོར་བ་བྱེད་དུ་བཅུག་པ་དང་། དེ་དེའི་གཟུགས་ལ་ཡིད་རྣམ་པར་གཡེངས་པས་ལྟ་བ་ན། ངོ་ཚ་བར་གྱུར་པས་གདོང་བཞི་སྤྲུལ་པར་གྱུར་ཏོ། །དེ་བཞིན་དུ་ལྷ་ཆེན་པོ་ཡང་དེ་དང་འདྲ་བར་འདོད་ཆགས་ཀྱི་དབང་གིས་གདོང་བཞི་སྤྲུལ་པར་གྱུར་ཏོ། །ཞེས་སོགས་གསུངས་སོ། །ཁྱད་པར་འཕགས་བསྟོད་ལས། ལྷ་ཆེན་ཐིག་ལེའི་མཆོག་མ་ལ། །ཆགས་པ་སྐྱེས་པས་གདོང༌བཞི་བྱུང་། །བདུད་ཀྱི་བུ་མོ་སྒེག་མོ་ཡིས། །ཁྱོད་ཀྱི་བ་སྤུའི་རྩེ་མ་གཡོས། །ཞེས་གསུངས། མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོ་བ་མོ་༢༥༧བ༧ལས། གདོང་བཞི་ནི་ཚངས་པས་ཐིག་ལེ་མཆོག་མ་ཞེས་པའི་བུ་མོ་ཞིག་སྤྲུལ་པས་དེ་ལ་རང་ཉིད་ཆགས་ཏེ། བུ་མོ་དེ་གཡས་གཡོན་ལ་སོགས་པའི་ཕྱོགས་བཞིར་སོང་བ་ལ་བལྟས་པས་གདོང་པ་བཞི་བྱུང་ངོ་། །སྟེང་གི་ཕྱོགས་སུ་སོང་བ་ལ་བལྟས་པས་སྟེང་གི་གདོང་པ་དང་ལྔ་བྱུང་སྟེ། དབང་ཕྱུག་གིས་ནམ་མཁའ་ནས་མཐོང་ནས་དེར་ངོ་ཚ་བའི་ཆད་ལས་ལ་སྟེང་གི་གདོང་པ་བཅད་དོ། །དེ་ནས་གདོང་བཞིར་གྲགས་ཏེ། འདི་ལ་གདོང་བཞི་ཡོད་པས་སོ། །ཞེས་བཤད་དོ། །