2889

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུགས་དམ་ལ་བཞུགས
Tibetan Definition (གསང་སྔགས) སྐྱེས་ཆེན་དམ་པ་རྣམས་སྐུ་གཤེགས་དུས་འཆི་བ་འོད་གསལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ་ཐུགས་དམ་ལ་བཞུགས་ཟེར། རྗེ་ཤེས་རབ་རྒྱ་མཚོའི་གསང་འདུས་རྫོགས་རིམ་གྱི་ཁྲིད་མི་བསྐྱོད་ཞལ་གྱི་བདུད་རྩི་༢༠བ་ལས། ནོར་བུའི་དབུས་ཀྱི་དམིགས་རྟེན་སྙིང་གར་དྲངས་ཏེ་སྙིང་གའི་མི་ཤིགས་པ་དང་དབྱེར་མེད་དུ་བྱས། དེ་ལ་དམིགས་པ་གཏད་ནས་སྟོང་པ་ཉིད་ལ་མཉམ་པར་བཞག་པས་རླུང་དབུ་མར་ཞུགས་གནས་ཐིམ་པས་རྟགས་དང་རྟགས་ཅན་བརྒྱད་དངོས་སུ་འཆར་བ་དེ་མ་ཡིག་ལྟ་བུ་དང་། རང་གིས་སྔར་བསྒོམ་པ་དེ་བུ་ཡིག་ལྟ་བུར་ངོ་སྤྲད་ནས་བསྒོམ་སྟེ་འཆི་བ་འོད་གསལ་གྱི་སེམས་ཕྲ་བ་དེས་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པར་ནུས་ན་འོད་གསལ་མ་བུ་འཕྲོད་པ་དང་། ད་ལྟ་ཐུགས་དམ་ལ་བཞུགས་ཞེས་གྲགས་པ་སྟེ་འཆི་བ་ཆོས་སྐུའི་བསྲེ་བའོ། །ཞེས་གསུངས་པ་ལྟར་རོ། །འདི་ལ་དོགས་གཅོད། རྗེ་ཤེས་རབ་རྒྱ་མཚོའི་འཇིགས་རྫོགས་ལས། སྔར་རྒྱུད་སྟོད་སྨད་དུ་རགས་པ་ཉེར་ལྔའི་གྲངས་འདྲེན་ཙམ་ཡང་མི་ཐོན་པ་མང་པོ་འདའ་དུས་ཐུགས་དམ་ལ་སྡོད་པ་དང༌། པུར་ལ་འཇའ་ཟུག་པ་སོགས་འདུག་པ་ཅི་ཡིན་ཞེས་ཀུན་མཁྱེན་གོང་མས་སྲད་རྒྱུད་རྡོ་རྗེ་འཆང་ལ་ཞུས་པར། དེ་དག་རང་སྟོབས་ཀྱིས་ཐུགས་དམ་ལ་སྡོད་མི་ནུས་ཀྱང་རྒྱུད་ཀྱི་རྡོ་རྗེའི་ཚིག་ཟབ་མོ་ངག་འདོན་ཚུན་ཆད་ཀྱིས་བསྒྲགས་པས་དཔའ་བོ་མཁའ་འགྲོས་འོད་གསལ་བཙན་ཐབས་སུ་འཛིན་འཇུག་པ་བདེ་མཆོག་སྨོན་ལམ་དུ། དེར་ནི་འཆི་བའི་འོད་གསལ་ཟིན་མཛད་ཅིང༌། །ཞེས་པ་ལྟར་ཡིན་ཞེས་གསུངས་པ་སྔགས་ཀྱི་དམ་ཚིག་དག་པ་གཞིར་བཟུང་ནས་ཉམས་ལེན་ལ་ཅི་ནུས་ཀྱིས་འབད་ན་དེ་འདྲའང་སྲིད་པ་རེད། ཅེས་གསུངས་པའི་ལོ་རྒྱུས་འདུག སྒྲ་བཤད་ནི། ཐུགས་སམ་ཡིད་དགེ་བའི་དམིགས་པ་ལ་དམ་དུའང་རྩེ་གཅིག་ཏུ་གནས་པས་ན་དེ་སྐད་ཅེས་བྱའོ། །