2965

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་པ་ཆེན་པོའི་བཀའ་བསྡུའི་སྐོར
Tibetan Definition (འདུལ་བ) རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་བི་མ་ལ་སྭ་བྷ་ཝ་ཞེས་པའི་རི་ལ་རྒྱལ་སྲས་འབུམ་ཕྲག་བཅུ་འདུས་ཏེ། འཇམ་དཔལ་གྱིས་མངོན་པ། བྱམས་པས་འདུལ་བ། ཕྱག་ན་རྡོ་རྗེས་མདོ་སྡེ་བསྡུས་སོ་ཞེས་གྲག་གོ། ཞེས་བུ་སྟོན་ཆོས་འབྱུང་༡༣༤ན་གསུངས་སོ། །རྟོག་གེ་འབར་བ་ལས། འདིའི་ཕྱིར་ཡང་ཐེག་པ་ཆེན་པོ་སངས་རྒྱས་ཀྱིས་གསུངས་པ་ཡིན་ཏེ། རྩ་བའི་སྡུད་པར་བྱེད་པ་པོ་ཀུན་དུ་བཟང་པོ་དང་། འཇམ་དཔལ་དང༌། གསང་བའི་བདག་པོ་དང༌། བྱམས་པ་ལ་སོགས་པ་རྣམས་ཀྱིས་བསྡུས་པའི་ཕྱིར་རོ། །བདག་ཅག་གི་རྩ་བའི་སྡུད་པར་བྱེད་པ་ཉན་ཐོས་ནི་མ་ཡིན་ཏེ། ཐེག་པ་ཆེན་པོའི་གསུང་རབ་ནི་དེ་དག་གི་ཡུལ་མ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། ཤིང་ཤ་པའི་ཚལ་གྱི་མདོ་ལས། ཀུན་དགའ་བོ་ཤིང་ཤ་པའི་ཚལ་འདི་ལ་འདབ་མ་ཇི་སྙེད་པ་ཡོད་པ་བས་ལྷག་པར་མང་བའི་ཆོས་རྟོགས་པར་གྱུར་ན་ཡང་ཁྱེད་ལ་ནི་ངས་མ་བསྟན་ཏེ། དེ་སྙེད་ཉིད་ཀྱིས་དོན་བྱ་བ་བྱས་པའི་ཕྱིར་དེ་དག་ཉིད་ཀྱིས་ནི་ཁྱོད་སྐྱོ་བར་ཡང་མི་འགྱུར། འདོད་ཆགས་དང་འབྲལ་བར་ཡང་མི་འགྱུར་རོ་ཞེས་བྱ་བ་དང༌། ཞེས་སོགས་གསུངས་སོ། །ཇོ་ནང་ཏཱ་ར་ནཱ་ཐ་དང་། བསྟན་དར་ལྷ་རམས་པས་བཀའ་བསྡུ་གསུམ་པའི་སྐབས་སུ། ཐེག་ཆེན་གྱི་བཀའ་རྣམས་བསྡུས་པར་བཤད་ཀྱང་། གསུང་ཚུལ་དེ་རྟོག་གེ་འབར་བ་དང་བུ་སྟོན་རིན་པོ་ཆེ་སོགས་དང་འགལ་བར་སྣང་བས་དཔྱད་པར་འོས་སོ། །བསྟན་དར་ལྷ་རམས་པའི་ཤེས་རབ་སྙིང་པོའི་འགྲེལ་པ་༥ན་ལས། ཤེར་ཕྱིན་གྱི་མདོ་གླེགས་བམ་དུ་བྲིས་པའི་དུས་ནི་བཀའ་བསྡུ་གསུམ་པའི་དུས་ཞེས་གྲགས་ལ། འོན་ཀྱང་དེའི་སྔོན་དུ་བཀའ་ཡི་གེར་འཁོད་པའི་གླེགས་བམ་ཙམ་མེད་པ་མ་ཡིན་ནོ། །ཞེས་གསུངས་སོ། །