300

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀྲྀ་ཀྲྀའི་རྨི་ལྟས་བཅུ
Tibetan Definition (འདུལ་བ) སངས་རྒྱས་འོད་སྲུང་གི་སྦྱིན་བདག་རྒྱལ་པོ་ཀྲྀ་ཀྲྀ་ལ་བྱུང་བའི་རྨི་ལྟས་བཅུ་ནི། ༡ གླང་པོ་ཆེ་ལུས་ཐོན་ནས་མཇུག་མ་ཐོགས་པ། ༢ ཆུའི་ཁྲོན་པས་སྐོམ་པའི་གང་ཟག་གི་རྗེས་སུ་རྒྱུག་པ། ༣ ཕྱེ་དང་མུ་ཏིག་བརྗེ་ཚོང་བྱེད་པ། ༤ ཙན་དན་དང་ཤིང་ཕལ་པ་རིན་ཐང་མཉམ་པར་བྱེད་པ། ༥ ཀུན་དགའ་ར་བ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་མ་བྱིན་པར་ལེན་པས་འཕྲོག་པ། ༦ གླང་པོ་ཕྲུག་གུས་སྤོས་ཀྱི་གླང་པོ་འཇིགས་པར་བྱེད་པ། ༧ སྤྲེའུ་མི་གཙང་བས་གོས་པས་གཞན་ལ་སྐུད་པ། ༨ སྤྲེའུ་རྒྱལ་པོར་དབང་བསྐུར་བ། ༩ རས་ཡུག་གཅིག་མི་བཅོ་བརྒྱད་ཀྱིས་བགོས་པ་ལས་རེ་རེའི་ལག་ཏུ་ཡང་རས་ཡུག་ཆ་ཚང་བ་རེ་ཐོབ་པ། ༡༠ སྐྱེ་བོའི་ཚོགས་ཆེན་པོ་འདུས་ནས་འཐབ་ཅིང་རྩོད་པ་མཐོང་བ་སྟེ། རྨི་ལམ་བཅུ་རྨིས་པས་རྒྱལ་པོ་ལ་མི་ཤིས་པའི་ལྟས་ཨེ་ཡིན་སྙམ་དུ་དོགས་ནས། བཅོམ་ལྡན་འདས་འོད་སྲུང་ལ་ཞུས་པ་ན། བཅོམ་ལྡན་འདས་ཀྱིས། དེ་དག་རྒྱལ་པོ་ཁྱོད་ལ་ཉེས་དམིགས་སུ་འགྱུར་བ་མ་ཡིན་གྱི། མ་འོངས་པ་ན་ཚེ་ལོ་བརྒྱ་པའི་ཚེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་མ་སྦྱངས་པའི་དགེ་སློང་རྣམས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཡང་གཙུག་ལག་ཁང་དང་རྙེད་པ་ལ་ཆགས་པ་འབྱུང་བས། གླང་པོ་ཆེ་ལུས་ཐོན་ནས་མཇུག་མ་ཐོགས་པ་དེ་ནི། དེ་ནི་དེའི་ལྟས་སོ། །ཁྲོན་པས་སྐོམ་པའི་ཕྱིར་སྙེག་པ་ནི། གཙུག་ལག་ཁང་ན་གནས་པ་ལ་གཞན་གྱིས་ཆོས་བཤད་པ་ན་ཉན་པར་མི་བྱེད་པའི་ལྟས་སོ། །ཕྱེ་དང་མུ་ཏིག་བརྗེ་བ་ནི། དེའི་ཚེ་ཉན་ཐོས་རྣམས་མུ་སྟེགས་ཀྱི་གཞུང་དང་། སངས་རྒྱས་ཀྱི་བཀའ་མཉམ་པར་འཛིན་པ་འབྱུང་བ་དེའི་ལྟས་སོ། །ཀུན་དགའ་བ་ར་བའི་མེ་ཏོག་ལ་སོགས་པ་ཕུན་སུམ་ཚོགས་པ་ཆོམ་པོས་འཕྲོག་པ་ནི། དེའི་ཚེ་ཉན་ཐོས་མ་བསྡམས་པ་རྣམས་དགེ་འདུན་གྱི་ལོངས་སྤྱོད་ཀྱིས་ཁྱིམ་པའི་ངོ་བསྲུང་བ་འབྱུང་བ་དེའི་ལྟས་སོ། །གླང་པོ་ཕྲུག་གུས་སྤོས་ཀྱི་གླང་པོ་འཇིགས་པར་བྱེད་པ་ནི། དགེ་སློང་སྡིག་པ་ཅན་གྱིས་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་ཟིལ་གྱིས་གནོན་པ་འབྱུང་བ་དེའི་ལྟས་སོ། །མི་གཙང་བས་གོས་པའི་སྤྲེའུས་གཞན་ལ་སྐུད་པ་ནི། ཚུལ་ཁྲིམས་ཉམས་པས་ཚུལ་ཁྲིམས་དང་ལྡན་པ་ལ་སྐུར་བ་འདེབས་པ་དེའི་ལྟས་སོ། །སྤྲེའུ་རྒྱལ་པོར་དབང་བསྐུར་བ་ནི། དེའི་དུས་སུ་རྨོངས་པ་རྣམས་རྒྱལ་པོར་དབང་བསྐུར་བ་འབྱུང་བ་དེའི་ལྟས་སོ། །མི་བཅོ་བརྒྱད་ཀྱིས་རས་ཡུག་གཅིག་བགོས་པས་སོ་སོའི་ལག་ཏུ་མ་ཉམས་པར་བྱུང་བ་ནི། ཤཱཀྱ་ཐུབ་པའི་བསྟན་པ་སྡེ་པ་བཅོ་བརྒྱད་དུ་གྱེས་ཀྱང་ཐམས་ཅད་རྣམ་པར་གྲོལ་བའི་སྐལ་བ་ཅན་ཡིན་པས་དེའི་ལྟས་སོ། །སྐྱེ་བོའི་ཚོགས་འདུས་ནས་འཐབ་རྩོད་བྱེད་པ་ནི། ཤཱཀྱ་ཐུབ་པའི་བསྟན་པ་རྩོད་པས་ནུབ་པར་འགྱུར་བས་དེའི་ལྟས་སོ། །རྨི་ལྟས་དེ་རྣམས། མ་ག་དྷ་བཟང་མོའི་རྟོགས་བརྗོད་སྡེ་དགེ་བཀའ་འགྱུར་མདོ་སྡེའི་གླེགས་བམ་༼ ཨཾ ༽༢༩༦བ༡ལས་གསུངས་སོ། །