3015

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོན་མི་སཾ་བྷ་ཊ
Tibetan Definition (བརྡ་སྤྲོད) བོད་ཀྱི་ཡི་གེ་དང་བརྡ་སྤྲོད་ཀྱི་གཞུང་སྲོལ་གཏོད་པ་པོ། འཇམ་དབྱངས་རྣམ་འཕྲུལ་ཐོན་མི་སཾ་བྷོ་ཊ་ཞེས་བྱ་བ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ནང་བློན་ཞིག་སྟེ། ཕྱི་ལོ་ (༦༡༩) ལ་ལྷོ་གཉལ་བ་ཞེས་པའི་སའི་ཆར་སྐུ་འཁྲུངས། དགུང་གྲངས་བཅོ་ལྔ་བཞེས་པའི་དུས་སུ་ (ཕྱི་ལོ་༦༣༣ལོར) རྒྱལ་པོའི་ (དེ་དུས་སྲོང་བཙན་སྒམ་པོ་དགུང་ལོ་བཅུ་བདུན་ཡིན་ཟེར) བཀའ་བཞིན་ཐོན་མི་ཨ་ནུ་ལ་འཁོར་བཅུ་དྲུག་དང་བཅས་པ་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་ནས། པཎྜི་ཏ་ལྷ་རིག་པའི་སེང་གེ་སློབ་དཔོན་དུ་བསྟེན་ཏེ་ལོ་བདུན་དུ་ཀ་ལཱ་པ་དང་ཙནྡྲ་པ་ལ་སོགས་པའི་སྒྲའི་བསྟན་བཅོས་རྣམས་ཆ་ཚང་བར་བསླབས་ཤིང་། ནང་པའི་མདོ་རྒྱུད་ཀྱི་ཆོས་རྣམས་ཀྱང་མཁས་པར་སྦྱངས་ཏེ། བོད་དུ་ཕྱིར་འཁོར་ནས་བོད་ཀྱི་ཡི་གེ་དང་བརྡ་དག་གི་གཞུང་གི་སྲོལ་བཏོད་ཅིང་། མདོ་སྡེ་ཟ་མ་ཏོག་བཀོད་པ་དང༌། དཔང་སྐོང་ཕྱག་བརྒྱ་པ་དང༌། མདོ་སྡེ་དཀོན་མཆོག་སྤྲིན་ལ་སོགས་པ་བསྒྱུར། ད་ལྟ་བཀའ་འགྱུར་བསྟན་འགྱུར་སོགས་གླེགས་བམ་ཁྲི་ཚོགས་བརྒལ་བར་ཡོད་པ་དང༌། གཞན་ལ་འགྲམ་ཆུ་ལྡང་མི་དགོས་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་བཟང་པོ་ཡོད་པ་ཡང༌། སློབ་དཔོན་འདིའི་ཐུགས་རྗེ་ཉག་གཅིག་གི་མཛད་ཡིན་པས། ཁ་བ་གངས་ཅན་པ་སོགས་ཧ་མ་ལ་ཡའི་རི་བརྒྱུད་པ་ཀུན་ལ་སྐུ་དྲིན་ཤིན་ཏུ་ཆེ་བ་ཡིན་ནོ། །ཐོན་མི་ཉིད་ཀྱི་ཞལ་ནས། ང་དྲིན་ཅན་གྱི་བློན་པོ་ཐོན་མི་ངས། །ལམ་བགྲོད་པར་དཀའ་བའི་རྒྱ་གར་དུ། །ལུས་ཚ་གྲང་ཆེ་ཡང་བཀའ་བ་སྤྱད། །ཁོང་མཁས་པ་བྲམ་ཟེ་ལི་བྱིན་ལ། །ཡིད་གུས་པའི་ཚུལ་གྱིས་མོས་གུས་བྱས། །ཞེས་སོགས་དང༌། ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར། །མི་མཁས་པ་སླེབས་པའི་སྔ་མ་ཡིན། །ང་མུན་པ་སེལ་བའི་སྒྲོན་མེ་ཡིན། །རྗེ་རྒྱལ་པོ་ཉི་ཟླའི་ཚུལ་དུ་བཞུགས། །གྲོགས་བློན་པོའི་ཁྲོད་ན་ང་ཙམ་མེད། །བོད་ཁ་བ་ཅན་པའི་མི་རྣམས་ལ། །ང་ཐོན་མི་བཀའ་དྲིན་མི་ཆེའམ། །ཞེས་སོགས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། ཐུ་མིའམ་ཐོན་མི་ནི་རུས་ཀྱི་མིང་དང༌། སཾ་ནི་ལེགས་སྦྱར་གྱི་སྐད་དེ་ཡང་དག་པའམ་བཟང་པོ། བྷོ་ཊ་ནི་བོད་དེ། བོད་བཟང་པོ་ཞེས་རྒྱ་གར་བ་རྣམས་ཀྱིས་ཀྱང་ཆེས་ཆེར་བསྔགས་པར་མཛད་པས་དེ་སྐད་ཅེས་བྱའོ། །ཐོན་མི་སཾ་བྷོ་ཊ་ཡང་ཟེར།