From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| ཐོབ་ཀྱིས་འཇལ་བ
|
| Tibetan Definition
|
(ཕར་ཕྱིན) ལོག་འཚོ་ལྔའི་བཞི་པ་སྟེ། རྙེད་བཀུར་གྱི་བསམ་པས་སེར་སྣ་ཅན་ལ་སོགས་པ་ལ་དངོས་སུ་སྨོད་པའོ། །དབུ་མ་རིན་ཆེན་ཕྲེང་བ་ལས། ཐོབ་ཀྱིས་འཇལ་བ་རྙེད་པའི་ཕྱིར། །མངོན་སུམ་གཞན་ལ་སྨོད་བྱེད་པ། །ཞེས་གསུངས། དེའི་ཐད་ཀྱི་རིན་ཆེན་དར་ཊཱིཀ་ལས། ཐོབ་ཀྱིས་འཇལ་བ་ནི། རྙེད་པ་ལ་སྲེད་པའི་བསམ་པས་གཞན་ལ་འདི་སྐད་ཅེས་ཁྱེད་ཀྱི་ཕ་དང་མ་ལ་སོགས་པ་ལ་ཡང་སྦྱིན་པར་བྱ་བ་སུ་ཞིག་སྦྱིན་པར་བྱ་བ་ཡིན། ཁྱེད་ཀྱི་ཁྱིམ་དུ་དགྲ་བཅོམ་པ་བཞུགས་ཤིང་། ལྷན་ཅིག་གཏམ་སྨྲ་བར་འགྱུར་བ་ནི་ཁྱེད་རྙེད་པ་དང་ལྡན་ནོ་ཞེས་སྨྲ། ཕ་རོལ་པོས་འདི་ནི་དགྲ་བཅོམ་པ་ཡིན་ནོ་སྙམ་དུ་སེམས་ན་ཅི་མ་རུང་སྙམ་པས་སྨྲ་བའོ། །ཞེས་གསུངས། རྙེད་བཀུར་གྱི་བསམ་པས་སེར་སྣ་ཅན་ལ་སོགས་པ་ལ་གཏོང་བའི་བསྔགས་པ་བརྗོད་པའོ། །འདུལ་བ་ལུང་ཕྲན་ཚེགས་ཀྱི་འགྲེལ་པར་གཞི་བྱས། བསྟན་དར་ལྷ་རམས་པས། ཐོབ་ཀྱིས་འཇལ་བ་ནི། རང་ལ་རྙེད་བཀུར་འཐོབ་པའི་ཕྱིར་དུ་གཞན་དངོས་སུ་སྨོད་པ་སྟེ། མདོར་ན་གཞན་ནོར་འགུགས་པའི་ཐབས་བྱས་པའོ། །ཞེས་གསུངས། ཡང་ངག་སྒྲོན་འགྲེལ་པར། ཐོབ་ཀྱིས་འཇལ་བ་རྙེད་པའི་ཕྱིར་གཞན་ལ་མངོན་སུམ་སྨོད་པ་སྟེ། ལོག་འཚོ་ལྔའི་གཅིག་ཅེས་གསུངས། སྒྲ་བཤད་ནི། ཐབས་ཀྱིས་འགུགས་པ་ཞེས་པའི་དོན་ནོ། །དེ་ཡང་ཐོབ་ཀྱིས་ནི་འདིར་ཐབས་ཀྱིས་ཞེས་པའི་དོན་ཡིན་ལ། འཇལ་བ་ནི་འདིར་འགུགས་པའི་དོན་ནོ། །དེ་ཡང་དག་ཡིག་ལི་ཤིའི་གུར་ཁང་ལས། ཐོབ་ཀྱིས་འཇལ་བ་ནི་ཐབས་ཀྱིས་གཞན་ནོར་འགུགས་པ། ཞེས་གསུངས་སོ། །ཡང་ན། ཐོབ་ཀྱིས་ཞེས་པ་ནི་ཐོ༵བ་འདོད་ཀྱི༵ས་སམ་ཐོབ་ཏུ་རེ་ནས་ཞེས་པ་ཡིན་ལ། འཇལ་བ་ནི་ (སྲང་ལ་འཇལ་ཞེས་པ་ལྟར་གཞན་གྱི་རྒྱུད་ཚོད་ལེན་ཞིང་བརྟག་དཔྱད་དམ) ཞུ་དག་གཏོང་བའམ་སྨོད་པའི་དོན་ནོ། །མདོར་ན་རང་ལ་རྙེད་པ་ཐོབ་ཏུ་རེ་ནས་གཞན་ལ་སྨོད་པའི་དོན་ནོ། །
|