From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| དཀའ་བཅུ་པ
|
| Tibetan Definition
|
གཙང་བཀྲ་ཤིས་ལྷུན་པོ་སོགས་གྲྭ་ས་ཆེན་པོ་རྣམས་སུ་དབུ་ཕར་འདུལ་མཛོད་བཞི་དང་། རྩ་འཇུག་བཞི་གསུམ། རྒྱུད་བླ་མ། ཆོས་མངོན་པ། དཔལ་ལྡན་འདུས་པ་སྟེ་གཞུང་ཆེན་བཅུ་ལ་གྲྭ་སྐོར་རམ་བཤད་པ་མཛད་པའི་དགེ་བཤེས་ལ་ཟེར། གཞུང་ཆེན་བཅུ་ལ་གྲྭ་སྐོར་མཛད་པའི་སྲོལ་འདི་ནི། རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་དཔལ་གྱི་སྐུ་ཚེ་སྨད་ཙམ་བྱུང་བར་སེམས་ཏེ། རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ལས། རྗེ་རིན་པོ་ཆེ་འདིས། དེའི་ཚེ་ས་སྐྱར་གོང་དུ་སྨོས་པའི་དཀའ་ཆེན་རྣམས་ཀྱི་གྲྭ་སྐོར་མཛད། དེ་དུས་པོ་ཏི་གཞན་བཅུ་ལྷག་ཙམ་གྱི་གྲྭ་སྐོར་ཡང་མཛད་པས་ཆོག་པ་ཡོད་ཀྱང༌། དེ་དུས་ཀྱི་གྲྭ་ས་རྣམས་ན་པོ་ཏི་གཞན་རྣམས་ཀྱི་གྲྭ་སྐོར་བྱེད་པའི་ལུགས་མ་དར་འདུག་པས་མ་བྱས་གསུང་ངོ་། །ཞེས་གསུངས་སོ།། འགའ་ཞིག་གིས། རྒྱལ་ཚབ་དར་མ་རིན་ཆེན་གྱིས་པུ་ཏི་བཅུ་ལ་བཤད་པའི་སྲོལ་བཏོད་པ་ནས་བཟུང་དཀའ་བཅུ་པ་ཞེས་སྲོལ་བྱུང་བར་གསུངས་སོ། །བཀའ་བཅུ་པ་ཞེས་ཀྱང་འབྲི་བར་བྱེད་དོ། །ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་དྲིས་ལན་ཕྱོགས་བསྒྲིགས་ཤོག་གྲངས་༡༧ན༢ལས་དེ་སྐོར་གོང་དུ་བཤད་པ་དང་ཅུང་མི་འདྲ་བ་རྒྱས་ཙམ་གསུངས་ཡོད། སྒྲ་བཤད་ནི། གསུང་རབ་ཀྱི་དཀའ་གནས་གསལ་བར་བྱེད་པའི་གཞུང་ཆེན་བཅུ་ལ་གྲྭ་སྐོར་དམ་བཅའ་བཞག་པས་ན་དེ་སྐད་ཅེས་བྱའོ། །
|