3080

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀོར
Tibetan Definition 1 དད་རྫས། དད་པས་ཕུལ་བའི་རྫས། དད་པའི་སེམས་ཀྱིས་ཕུལ་ན་དཀོར་དང་། དེ་མིན་པར་སྙིང་རྗེའི་ཀུན་ནས་བསླངས་ཏེ་བྱིན་ན་སྦྱིན་པ། དགའ་སྤྲོའི་རྣམ་པས་སྟེར་ན་རྔན་པ་ཞེས་བྱའི་དཀོར་ཞེས་མི་བྱའོ། །ལོ་རྒྱུས། སྔོན་ངེད་ཚོ་ཕར་ཕྱིན་འཛིན་གྲྭ་ལ་སླེབས་ཉེའི་སྐབས། འཛིན་གྲྭ་ནས་རྟེན་འབྲེལ་གྱི་སླད་དུ་གྲྭ་ཚང་ཕྱག་འདེབས་པ་པོ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེངྒེའི་སྐུ་བརྙན་ཞིག་བཞེང་རྒྱུ་དང་། འཛིན་གྲྭའི་ཞབས་རིམ་བཅས་ཀྱི་གཏོང་སྒོའི་སླད། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་དགུ་གླིང་གཞིས་ཆགས་སུ་ཞལ་འདེབས་སློང་བར་ཕྱིན། སྐབས་དེར་རྨོ་བོ་རྒས་ཤིང་ཁོག་པ་ཞིག་ནས་ལག་པ་འདར་འཕྲིལ་འཕྲིལ་བྱེད་ཀྱིན་སྐེ་ལ་བཏགས་པའི་དངུལ་ཁུག་དྲེག་པ་ཚིར་ཚིར་ཞིག་གི་ནང་ནས། ཆིག་ལོར་རྙིང་པ་ཞིག་ཡར་བཏོན་ནས་ཐོད་པ་ལ་ཡུན་རིང་པོར་སྦྱར་ཏེ་སྨོན་ལམ་བཏབ། དེ་ནས་དང་བ་ཆེན་པོས་དངུལ་སྒོར་དེ་ཕུལ་བྱུང་བར། ངེད་ནི་ལུས་བརྩེ་ཟིང་ངེ་བར་སྐྱི་གཡའ་ལ་འཇིགས་ཞུམ་ཞུམ་པའི་ཚོར་སྣང་ཡ་ང་བ་ཞིག་བྱུང་། དེ་དུས་དཀོར་གྱི་གོ་དོན་དཔྱིས་ཕྱིན་པ་དེ་ཤེས་བྱུང་། ཕྱིར་འཁོར་ནས་འཛིན་གྲོགས་རྣམས་ལ་མཐོང་ཐོས་བྱུང་བ་རྣམས་གསལ་བཤད་བྱས་ཏེ། ཞལ་འདེབས་ཇི་བྱུང་སྐུ་འདྲའི་མ་ཐེབས་ཁོ་ནར་གཏོང་བ་ལས་བཟའ་བཏུང་གི་ཆེད་དུ་བེད་སྤྱོད་མི་བྱེད་རྒྱུའི་རེ་སྐུལ་ཞུས་པས། ཚང་མས་དང་བ་ཁུར་ལེན་གྱིས་མོས་མཐུན་གྲོས་འཆམ་བྱུང་ནས། གཏོང་སྒོའི་རྒྱུ་གྲོན་ཡོངས་རྫོགས་རང་རང་སོ་སོའི་སྒེར་དངུལ་ནས་བཏང་བ་ལས་ཞལ་འདེབས་བྱུང་བའི་སྤྱི་དངུལ་ནས་སྒོར་གཅིག་ཀྱང་མ་བཏང་། དེ་དུས་ངེད་ཚོ་ལོ་ན་ཆུང་ཡང་ཞེ་གཙང་ཞིང་ཆོས་དྲེད་ཀྱི་སྐྱོན་གྱིས་མ་གོས་པར་དང་བ་འདྲེན་པ་ཞིག་ཡོད་འདུག་གོ། དཀོར་འདི་ཧ་ཅང་གི་སྡིག་པ་ཆེ་བ་ཡིན་པ་ནི་སངས་རྒྱས་ཀྱིས་ཀྱང་དཀོན་མཆོག་བརྩེགས་པའི་མདོ་ལས་གསུངས་ཏེ། ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས། དཀོན་མཆོག་བརྩེགས་པའི་མདོ་སྡེ་ལས། །དད་རྫས་ཟ་བའི་ཉེས་མཐོང་ནས། །དགེ་སློང་ལྔ་བརྒྱས་སྡོམ་པ་ཕུལ། །དེ་ལ་ཐུབ་པས་ལེགས་ཞེས་གསུངས། །ཞེས་གསུངས་པ་ལྟར་རོ། །