3084

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀྱིལ་འཁོར
Tibetan Definition <མཎྜལ> 1 དབྱིབས་ཟླུམ་པོའམ་སྒོར་མོ། མུ་ཁྱུད་ཅན། ཆ་ཤས་རྫོགས་པ་བཅས་ཀྱི་མིང་། དཔེར་ན་ཉི་མའི་དཀྱིལ་འཁོར། ཟླ་བའི་དཀྱིལ་འཁོར། ཞལ་གྱི་དཀྱིལ་འཁོར་ཞེས་པ་ལྟ་བུ།  2 ཡི་དམ་ལྷའི་གཞལ་ཡས་ཁང་རྟེན་དང་བརྟེན་པ་བཅས་པ། འདི་ལ་མཚོན་བྱེད་དཔེའི་དཀྱིལ་འཁོར་ཟེར། སྤྱིར་དཀྱིལ་འཁོར་ལ་དབྱེ་ན། ༡ རྡུལ་མཚོན་གྱི་དཀྱིལ་འཁོར། ༢ རས་བྲིས་ཀྱི་དཀྱིལ་འཁོར། ༣ བསམ་གཏན་གྱི་དཀྱིལ་འཁོར། (བསམ་གཏན་གྱི་དཀྱིལ་འཁོར་གྱི་ཆོ་ག་ནི། སློབ་དཔོན་ལྷའི་རྣལ་འབྱོར་ཤིན་ཏུ་བརྟན་པ་དང་། སློབ་མ་རྡུལ་ཚོན་གྱིས་བྲི་བའི་ཡོ་བྱད་མི་རྙེད་པ་སོགས་པ་ལ་དམིགས་བསལ་དུ་གསུངས་ཀྱི། སྤྱིའི་དབང་དུ་བྱས་པ་མིན་ནོ། །ཞེས་དབང་དོན་དེ་ཉིད་རབ་གསལ་ལས་གསུངས) དེ་གསུམ་ལ་ཕྱིའི་དཀྱིལ་འཁོར་ཟེར། ཕྱི་དཀྱིལ་གསུམ་གྱི་ནང་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་མཆོག་ཏུ་བསྔགས་པར་གསུངས་སོ། །༤ ལུས་དཀྱིལ། (ལུས་དཀྱིལ་ནི་ནང་གི་དཀྱིལ་འཁོར་རོ) ༥ ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར། ༦ དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར། ༧ བྷ་གའི་དཀྱིལ་འཁོར་དང་བདུན་ནོ། །ཕྱི་མ་གསུམ་ནི་རྫོགས་རིམ་གྱི་དབང་གསུམ་གང་དུ་ཐོབ་པའི་དཀྱིལ་འཁོར་ཡིན་པར། དབང་དོན་དེ་ཉིད་རབ་གསལ་ལས་གསུངས་སོ། ། 3 སྙིང་པོ་ལེན་པ། (བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རང་རྒྱུད་ལ་ལེན་པའམ་འཐོབ་པར་བྱེད་པས་ན་སྙིང་པོ་ལེན་པ་ཟེར) འདི་ལ་མཚོན་བྱ་དོན་གྱི་དཀྱིལ་འཁོར་ཟེར། ཀྱེ་རྡོ་རྗེའི་རྩ་རྒྱུད་ལས། དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ། །བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ལེན་པར་བྱེད་པས་དཀྱིལ་འཁོར་ཉིད། །འདུས་པ་དཀྱིལ་འཁོར་ཉིད་དུ་བརྗོད། །ཅེས་གསུངས། སྒྲ་བཤད་ནི། དཀྱིལ་ནི་སྙིང་པོ། འཁོར་ནི་ལེན་ཅིང་འཛིན་པ་ཡིན་པས་དཀྱིལ་འཁོར་ཏེ། སྙིང་པོ་ནི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ལ། དེ་ལེན་པས་ན། སྙིང་པོ་ལེན་པའོ། །རྗེའི་འགྲེལ་པ་བཞི་སྦྲགས་ལ་གཞི་བྱས་ཏེ་བཀོད། (སྒྲ་བཤད་ལ་དོགས་གཅོད། བོད་སྐད་རང་གི་དབང་དུ་བྱས་ན། དཀྱིལ་སྙིང་པོ་དང་། འཁོར་ལེན་པ་ལ་འཇུག་པར་དཀའ་བས། རྗེ་གུང་ཐང་པས། མཎྜ་ནི་སྙིང་པོའོ། །ལ་ནི་ལེན་པའོ། །ཞེས་སྐད་དོད་རང་སོར་བཞག་ན་ཚིག་དོན་གཉི་ག་ལ་འགྲིག་པར་སྣང་ངོ་། །འོ་ན་རྣམ་སྣང་མངོན་བྱང་ལས། དཀྱིལ་ནི་སྙིང་པོའོ། །འཁོར་ནི་ལེན་པའོ། །ཞེས་འབྱུང་བ་ཅི་ཡིན་ཞེ་ན། འདི་དག་ནི་ལོ་ཙཱ་བ་རྣམས་ཀྱིས་གོ་བདེའི་ཐབས་ཙམ་དུ་ཅུང་ཟད་བསྒྱུར་ཆེས་པར་སྣང་སྟེ། ཞེས་གསུངས་སོ། །འདི་དག་གི་སྐོར་རྒྱས་པར་ “ཕྱག་རྒྱ་ཆེན་པོ” ཞེས་པའི་ཐད་དུ་གཟིགས)  4 དཔུང་ཚོགས། ཚོགས་པ། འདུས་པ། སྡེ་བཅས་ཀྱི་མིང་། འདུལ་བ་ལུང་གཞི་ལས། ཤེས་ལྡན་དག་རྒོལ་བའི་དཀྱིལ་འཁོར་ཤོམས་ཤིག་ཅེས་པ་ལྟ་བུ།  5 ཁམས་དང་། འཛིན་པའམ་གཞི་རྟེན་བྱེད་པ། དཔེར་ན་སའི་དཀྱིལ་འཁོར། ཆུའི་དཀྱིལ་འཁོར། མེའི་དཀྱིལ་འཁོར། རླུང་གི་དཀྱིལ་འཁོར་ཞེས་པ་ལྟ་བུ། 6 ཤེས་བྱ། གཞལ་བྱ། བློའི་ཡུལ་བཅས་ལ་འཇུག་པར་བཤད། དཔེར་ན་ཤེས་བྱའི་དཀྱིལ་འཁོར་ཞེས་པ་ལྟ་བུ། འཆི་མེད་ཀྱི་འགྲེལ་པ་འདོད་འཇོ་བ་མོ་ལས་ཀྱང་། གང་གི་ཕྱིར་བཅོམ་ལྡན་འདས་དེའི་མཁྱེན་པ་དང་བརྩེ་བ་ཤེས་བྱའི་དཀྱིལ་འཁོར་མཐའ་དག་ལ་ཁྱབ་པས། ཞེས་གསུངས་པ་ལྟར་རོ། །