3108

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དག་ཡིག
Tibetan Definition (བརྡ་སྤྲོད) ཚིག་གི་འགྲེལ་བཤད་གཙོ་བོར་མི་བྱེད་པར། ཡི་གེའི་དག་ཆ་གཙོ་བོར་སྟོན་པའི་བརྡ་སྤྲོད་ཀྱི་ཡན་ལག་ཅིག་ལ་ཟེར། འདིའི་སྐོར་ལ། ༡ ལོ་ཙཱ་བ་ཆེན་པོ་རྔོག་བློ་ལྡན་ཤེས་རབ་ (༡༠༥༩-༡༡༠༩) ཀྱིས་མཛད་པའི་དག་ཡིག་མདོར་བསྡུས། ༢ འགྲོ་མགོན་ཆོས་རྒྱལ་འཕགས་པའི་བླ་མ་སྙེ་ཐང་བ་གྲགས་པ་སེང་གེས་མཛད་པའི་དག་ཡིག་གངྒཱ། འདིས་རབ་བྱུང་བཞི་པའི་ཆུ་སྟག་ལོར་ (༡༢༤༢) བསྟན་རྩིས་མཛད་པའི་ལོ་ཚིགས་ལ་དཔགས་ན་དུས་རགས་པ་ཤེས་ཐུབ། ༣ གཙང་ནག་པ་ཐུགས་རྗེ་སེང་གེས་མཛད་པའི་དག་ཡིག་བདུད་རྩིའི་ཆུ་རྒྱུན། ༤ སྟག་སྟོན་གཞོན་ནུ་དཔལ་གྱིས་མཛད་པའི་དག་ཡིག་འོད་ཟེར་བརྒྱ་པ། འདི་དབུས་པ་བློ་གསལ་དང་ཆོས་གྲོགས་ཡིན་པས་རབ་བྱུང་བཞི་པའི་ནང་བྱོན། ༥ བུ་སྟོན་སེང་གེ་འོད་ཀྱིས་མཛད་པའི་དག་ཡིག་རྒྱ་མཚོའི་མེ་ལོང་། ༦ བསམ་སྡིངས་པ་ཀུན་བསམ་གྱིས་མཛད་པའི་དག་ཡིག་འཁྲུལ་སྤོང་ཚན་པ་ལྔ་པོ་འདི་དག་ཡིག་ཟ་མ་ཏོག་གི་མཇུག་ཏུ་མཚན་ཙམ་བཀོད་པ་མཐོང་རྒྱུ་ཡོད་པ་ལས་ད་ལྟ་དཔེ་རྒྱུན་ཤིན་ཏུ་དཀོན་ནོ། །༧ པཎ་ཆེན་བྱམས་པ་གླིང་པས་ (༡༤༠༠-༡༤༧༥) མཛད་པའི་དག་ཡིག་སྨྲ་བའི་རྒྱན། (༡༤༣༥ལོར་བརྩམས) ༨ ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་མཛད་པའི་དག་ཡིག་ཟ་མ་ཏོག (༡༥༡༤ལོར་བརྩམས) ༩ ཞྭ་ལུ་ལོ་ཙཱ་བའི་བུ་ཆེན་སྐྱོགས་སྟོན་ལོ་ཙཱ་བ་ངག་དབང་རིན་ཆེན་བཀྲ་ཤིས་ཀྱིས་མཛད་པའི་བརྡ་གསར་རྙིང་ལི་ཤིའི་གུར་ཁང་། (༡༥༣༦ལོར་བརྩམས) ༡༠ ཞྭ་ལུ་ལོ་ཆེན་ཡབ་སྲས་ཀྱི་སློབ་མ་དཔལ་ཁང་ལོ་ཙཱ་བ་ངག་དབང་ཆོས་ཀྱི་རྒྱ་མཚོས་མཛད་པའི་དག་ཡིག་ངག་གི་སྒྲོན་མ། (༡༥༣༨ལོར་བརྩམས) ༡༡ ཞྭ་ལུའི་དངོས་སློབ་འཕྲེང་མགོ་གཏེར་སྟོན་ཤེས་རབ་འོད་ཟེར་ (༡༥༡༦-༡༥༧༢) གྱིས་མཛད་པའི་ས་མཐའི་རྣམ་དབྱེ་རབ་གསལ་སྒྲོན་མེ། (འདི་སི་ཏུས་ཞུས་དག་བཏང་ནས་དཔེ་རྒྱུན་འཕེལ་སླད་རང་གི་གསུང་འབུམ་གྲས་སུ་བཞག་ཡོད) ༡༢ ཅོ་ནེ་བླ་མ་གྲགས་པ་བཤད་སྒྲུབ་ཀྱིས་མཛད་པའི་དག་ཡིག་གཞོན་ནུ་དགའ་སྐྱེད། ༡༣ ས་སྐྱ་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་ (༡༥༩༧-x) ཀྱིས་མཛད་པའི་དག་ཡིག་མིག་དབང་རབ་གསལ་སྣང་བ། (༡༦༣༨ལོར་བརྩམས) ༡༤ ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་དག་ཡིག་མཁས་པའི་འབྱུང་གནས། (༡༧༤༢ལོ་སྔ་ཕྱིར་བརྩམས) ༡༥ སུམ་པ་ཡེ་ཤེས་དཔལ་འབྱོར་ (༡༧༠༤-༡༧༨༨) གྱིས་མཛད་པའི་དག་ཡིག་མཁས་པའི་འབྱུང་གནས། ༡༦ བྲ་སྟི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱིས་མཛད་པའི་དག་ཡིག་སྨྲ་བའི་སྒྲོན་མེ་དང་། སྒྲའི་ང་རོ་འདྲེན་ཚུལ་རྨད་བྱུང་དོན་གྱི་བདུད་རྩིའི་རོ་འཛིན། ༡༧ མདོ་མཁར་བ་ཚེ་རིང་དབང་རྒྱལ་ (༡༦༩༧-༡༧༦༣) གྱིས་བརྩམས་པའི་འཕགས་བོད་ཡིག་རིགས་ཀྱི་བྱུང་བ་བརྗོད་པ་དཔྱོད་ལྡན་འདྲེན་བྱེད་བདུད་རྩི། (༡༧༤༦ལོར་བརྩམས) ༡༨ རོང་པོ་བདེ་ཆེན་སྤྲུལ་སྐུ་ངག་དབང་འཇམ་དབྱངས་དཔལ་ལྡན་གྱིས་མཛད་པའི་བོད་ཀྱི་བརྡ་དང་ཡི་གེའི་རྣམ་གཞག་གཞན་ཕན་ནོར་བུ། (༡༧༤༩ལོར་བརྩམས) ༡༩ དཔའ་རིས་དམ་ཆོས་ཀྱིས་མཛད་པའི་དག་ཡིག་ཤེས་བྱ་རབ་གསལ། ༢༠ ཨ་ལག་ཤ་བསྟན་དར་ལྷ་རམས་པས་མཛད་པའི་བརྡ་ཡིག་མིང་དོན་གསལ་བྱེད་ཟླ་བའི་འོད་སྣང་བོད་སོག་སྐད་གཉིས་ཤན་སྦྱར་མ་དང་། བརྡ་གསར་རྙིང་བློ་གསལ་མགྲིན་རྒྱན། དག་ཡིག་སྐྱ་སེངས་གསར་པ། ཡིག་བཤད་མཁས་པའི་ཁ་རྒྱན་སོགས་ལེ་ཚན་འགའ། ༢༡ རྭ་རྒྱ་དགེ་འདུན་ཤེས་རབ་ཀྱིས་མཛད་པའི་དག་ཡིག་ཟུར་འདེབས་བདུད་རྩིའི་མཆོད་སྤྲིན་རྭ་རྒྱའི་དག་ལྷབ་ཏུ་གྲགས་པ། (༡༨༡༧ལོར་བརྩམས) ༢༢ དཔལ་མང་པཎྜི་ཏའི་སློབ་མ་བདེ་ཐང་ཞབས་དྲུང་གིས་མཛད་པའི་དག་ཡིག་ངག་སྒྲོན་ཟིན་བྲིས་སྐལ་བཟང་སྙིང་གི་མུན་པ་སེལ་བའི་ཉིན་བྱེད་སྣང་བ། ༢༣ སྡེ་དགེ་བླ་མ་ནོར་བུ་བསྟན་འཛིན་གྱིས་མཛད་པའི་སའི་ཡང་འཇུག་དོར་བའི་དག་ཡིག་ལེ་ཚན་ལྔ། (༡༨༩༥ལོར་བརྩམས) དག་ཡིག་འདི་མཛད་པ་པོ་ལ་ས་ཕུད་བླ་མ་དང་ས་གཅོད་བླ་མ་ཞེས་གངས་ཅན་བརྡ་སྤྲོད་སྨྲ་བའི་མཁས་པ་རྣམས་ཀྱིས་མིང་འདོགས་དེ་ལྟར་མཛད་དོ། །༢༤ ཁམས་འཇུ་མི་ཕམ་ (༡༨༤༦-༡༩༡༡) གྱིས་མཛད་པའི་དག་ཡིག་ལེགས་བཤད་རིན་པོ་ཆེའི་གཏེར། (༡༩༠༥ལོར་བརྩམས) ༢༥ བློ་བཟང་ཡོན་ཏན་གྱིས་མཛད་པའི་དག་ཡིག་ངག་སྒྲོན་འགྲེལ་པ་བདུད་རྩིའི་དགའ་སྟོན། ༢༦ ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་མཛད་པའི་དག་ཡིག་ངག་སྒྲོན་འགྲེལ་པ་ཚིག་གསལ། ༢༧ དགེ་བའི་བཤེས་གཉེན་དཔྱི་ས་བློ་གྲོས་རྒྱ་མཚོས་ (༡༨༩༠-༡༩༥༩) མཛད་པའི་དག་ཡིག་ཁྱད་དུ་འཕགས་པ་སྒྲ་རིག་གནམ་འཕང་གཅོད་བྱེད་བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས། (༡༩༥༥ལོར་བརྩམས) སོགས་སྔོན་དང་ཕྱིས་བྱོན་མཁས་པ་རྣམས་ཀྱིས་མཛད་པའི་སུམ་རྟགས་ཀྱི་འགྲེལ་པ། དག་ཡིག་གི་རྣམ་གཞག དེ་སྐོར་ལས་འཕྲོས་པའི་དྲི་བ་དང་དྲིས་ལན། དོགས་སློང་དང་དགག་ཡིག་སོགས་མཐའ་དག་པར་བརྩིས་པས་མི་ལང་བས་འདིར་དེ་ཙམ་གྱི་ཆོག་ཤེས་པར་བྱའོ། །ཞེས་མཁས་དབང་ཚེ་ཏན་ཞབས་དྲུང་གི་སུམ་རྟགས་འགྲེལ་པ་ཐོན་མིའི་ཞལ་ལུང་ལས་གསུངས་པ་ལྟར་རོ། །