3109

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དག་ཡིག་ངག་སྒྲོན
Tibetan Definition (བརྡ་སྤྲོད) ཐོན་སྔ་ཤོས་ཀྱི་དག་ཡིག་ཅིག དཔལ་ཁང་ལོ་ཙཱ་བའམ། (རྒྱལ་དབང་ལྔ་པ་ཆེན་པོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་དུ་དཔལ་སྒང་ལོ་ཙཱ་བ་ཞེས་དག་ཆ་མི་འདྲ་བ་སྣང) མཚན་གཞན་དཔལ་ཁང་ཆོས་མཛད་དམ། མཚན་དངོས་ངག་དབང་ཆོས་ཀྱི་རྒྱ་མཚོ་དབྱངས་ཅན་སྙེམས་པའི་སྡེ་ཞེས་བྱ་བས་མཛད། རྒྱལ་དབང་བསོད་ནམས་རྒྱ་མཚོ་དང༌། ཀརྨ་པ་མི་བསྐྱོད་རྡོ་རྗེ་རྣམ་གཉིས་དང་སྐུ་དུས་མཚུངས་པར་བྱོན། དུས་མཚུངས་སུ་བྱོན་སྐོར་རྒྱལ་དབང་ལྔ་པ་ཆེན་པོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་དུ་ཟུར་ཙམ་གསལ དེའི་འགྲེལ་པ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་ནས་མཛད། དག་ཡིག་ངག་སྒྲོན་རྩ་འགྲེལ་ནི། དག་ཡིག་གསར་བསྒྲིགས་དང༌། བོད་རྒྱ་ཚིག་མཛོད་ཆེན་མོ་གཉིས་མ་བརྩམས་གོང་སྙན་གྲགས་དང་དར་ཁྱབ་ཆེ་ཤོས་ཀྱི་དག་ཡིག་ཅིག་ཡིན། ཁུ་ནུ་བླ་མ་རིན་པོ་ཆེས། ཐོན་སྔ་བའི་དག་ཡིག་ཅིག་ལ་བརྗོད་བྱ་འདི་འདྲ་ཐོན་པ་ངོ་མཚར་དང་རྩ་བ་ཆེན་པོ་རེད་ཅེས་བསྔགས་བརྗོད་ཡང་ཡང་མཛད་སྐོར་བདག་གི་བླ་མ་རིན་པོ་ཆེ་དགེ་བཤེས་བཀྲ་ཤིས་འབུམ་གྱི་ཞལ་སྔ་ནས་དངོས་སུ་ཐོས་སོ། །ཀློང་རྡོལ་བླ་མ་རིན་པོ་ཆེ་དང༌། མཁས་དབང་བསྟན་དར་ལྷ་རམས་པས། འོན་ཀྱང་རྩོད་བྲལ་གཞུང་ཆེན་ཟ་མ་ཏོག །ངག་སྒྲོན་མཚོན་པའི་དག་ཡིག་བརྡའི་བསྟན་བཅོས། །བཅུ་ཕྲག་གཉིས་ལས་བརྒལ་བའི་གཞུང་མང་ལ། །གཟུ་དཔང་བཅོལ་ཏེ་དེ་ཙམ་སྨྲ་ལ་སྤྲོ། །ཞེས་ངག་སྒྲོན་འདི་མཁས་པ་ཀུན་གྱིས་རྩོད་བྲལ་གྱི་གཞུང་དུ་འཛིན་པར་མཛད་དོ། །