3121

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགག་བྱ་ངོས་འཛིན་ཁྱབ་ཆུངས་པ
Tibetan Definition (དབུ་མ) རང་བཞིན་ཁྱད་པར་གསུམ་ལྡན་ལྟ་བུ་དགག་བྱ་ཕྲ་མོར་ངོས་བཟུང་ན། དགག་བྱ་ངོས་འཛིན་ཁྱབ་ཆུངས་པ་ཡིན་ནོ། །འདི་དགག་བྱ་ངོས་འཛིན་ཁྱབ་ཆུངས་པས་རྒྱུ་མཚན་གང་ཡིན་ཞེ་ན། དགག་བྱ་འདི་བཀག་ཀྱང་ད་དུང་ཡང་དགག་བྱ་ཕྲ་མོ་མ་ཁེགས་པར་ཤུལ་དུ་ལུས་པས་རང་བཞིན་མེད་རྟོགས་ཀྱི་དབུ་མའི་ལྟ་བ་རྒྱུད་ལ་སྐྱེས་པ་མེད་པས་སོ། །དགག་བྱ་ངོས་འཛིན་ཁྱབ་ཆུངས་པས་སྐྱོན་འདི་ཡོང་གཞི་ནི། གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་བཀག་ན་ཡེ་མེད་དུ་སོང་ནས་ཆད་མཐར་ལྟུང་བར་དོགས་ཏེ་བྱུང་བ་ཡིན་ནོ། །རང་བཞིན་ཁྱད་པར་གསུམ་ལྡན་ནི། ༡ ངོ་བོ་རྒྱུ་རྐྱེན་གྱིས་མ་བསྐྱེད་པ། ༢ གནས་སྐབས་གཞན་དུ་མི་འགྱུར་བ། ༣ རྣམ་འཇོག་གཞན་ལ་མི་ལྟོས་པ་དང་གསུམ་མོ། །མྱུ་གུ་ལྟ་བུའི་སྟེང་དུ་རང་བཞིན་ཁྱད་པར་གསུམ་ལྡན་ཁེགས་ཀྱང་མྱུ་གུ་རང་བཞིན་མེད་པ་རྟོགས་མི་དགོས་པ་ནི། བྱེ་མདོ་ལྟ་བུའོ། །རང་བཞིན་ཞེས་པ་འདིར་དགག་བྱ་ལ་གོ་དགོས། གཞི་མྱུ་གུ་ལྟ་བུ་ (༡) རྒྱུ་རྐྱེན་གྱིས་བསྐྱེད་པ། (༢) སྐད་ཅིག་གིས་འཇིག་པ། (༣) ཚུ་རོལ་ལ་ལྟོས་ཏེ་ཕ་རོལ། རིང་པོ་ལ་ལྟོས་ཏེ་ཐུང་ངུ་འཇོག་པ་ལྟ་བུའི་ཐ་སྙད་རྣམ་འཇོག་གི་རྟེན་འབྲེལ་དུ་རྟོགས་པ་ཙམ་གྱིས་གནས་ལུགས་མཐར་ཐུག་རྟོགས་པར་མི་འཇོག་ཅེས་པའི་དོན་ནོ། །ཆུངས་པ་དང་ཆུང་བའི་ཁྱད་པར། ཆུངས་པ་ནི་ཆུང་དྲགས་པའི་དོན་དང་། ཆུང་བ་ནི་ཆེ་བའི་ལྡོག་ཕྱོགས་ཙམ་མོ། །ཆུངས་པ་ཞེས་པའི་ཡང་འཇུག་ཅན་འདི་ཚིག་མཛོད་རྣམས་སུ་ཡང་མི་གསལ་ལ། འདི་ལ་ཆུང་བ་ཞེས་པའི་ཚིག་གིས་མ་ཐོན་པའི་གནད་ཕྲ་མོ་ཀྱང་ཞིག་ཡོད་དེ། ཆུངས་པ་ནི་གོང་དུ་བཤད་པ་ལྟར་ཆུང་དྲགས་པའི་དོན་དང་། ཆུང་བ་ནི་ཆེ་བའི་ལྡོག་ཕྱོགས་ཙམ་ལ་ཟེར་རོ། །དཔེར་ན། ཆེས་པ་དང་ཆེ་བ། ཉུངས་པ་དང་ཉུང་བ། མངས་པ་དང་མང་བ་ཞེས་སོགས་ཤིན་ཏུ་མང་ངོ་། །རྗེའི་ལམ་རིམ་ཆེན་མོ་ལས་དགག་བྱ་ངོས་འཛིན་ཁྱབ་ཆེས་པ་དང་ཆུངས་པ། ཞེས་འབྱུང་བ་ལྟ་བུའོ། །དེ་སང་འདི་འདྲའི་གནད་ཕྲ་མོ་ལ་ཁྱད་པར་འབྱེད་ཤེས་མཁན་དང་དོ་སྣང་བྱེད་མཁན་ནི་ཉིན་མོའི་སྐར་མ་ལྟར་སྣང་ངོ་། །