3122

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགག་བྱ་ངོས་འཛིན་ཁྱབ་ཆེས་པ
Tibetan Definition (དབུ་མ) འགོག་མཚམས་མ་ཟིན་པར་ཐལ་ཆེས་པའམ། དགག་བྱ་བཀག་ཆེས་པ་ལ་ཟེར། དེ་ཡང་རང་གི་ངོ་བོས་ཡོད་པ་དང་ཡོད་པ་གཉིས་ཀྱི་ཁྱད་པར་ཕྱེད་མ་ཐུབ་པར། བུམ་པ་ལྟ་བུ་རང་གི་ངོ་བོས་ཡོད་པ་བཀག་པ་ན་དེ་ཉིད་ཐ་སྙད་དུ་ཡོད་པ་འོག་མ་ཤེས་པར་ཡེ་མེད་དུ་སོང་ན། དགག་བྱ་ངོས་འཛིན་ཁྱབ་ཆེས་པ་ཡིན་ནོ། །དེ་ལ་ཆད་ལྟར་ལྟུང་བ་ཞེས་ཀྱང་བྱའོ། །དགག་བྱ་བཀག་ཆེས་པའི་སྐྱོན་འདི་ཡོང་གཞི་ནི། རིགས་ཤེས་ཀྱིས་རྙེད་པ་དང་དེས་དཔྱད་བཟོད་དུ་གྲུབ་པ་དོན་གཅིག་ཏུ་གོ རིགས་ཤེས་ཀྱིས་མ་རྙེད་པ་དང་དེས་བཀག་པ་གཉིས་ཀྱང་དོན་གཅིག་ཏུ་གོ་བས་སྐྱོན་གྱིས་ཡིན་ནོ། །དེའི་སྟོབས་ཀྱིས་ཆ་པ་ཆོས་ཀྱི་སེངྒེས་དོན་དམ་བདེན་པ་རིགས་པས་དཔྱད་བཟོད་ཀྱི་བདེན་གྲུབ་ཏུ་འདོད་པ་དང་། རྔོན་ལོ་ཆེན་པོས་དོན་དམ་བདེན་པ་ཤེས་བྱ་མིན་པར་གསུངས་པ་དང་། གྲོ་ལུང་པའི་བསྟན་རིམ་སོགས་སུ་བློ་གཅིག་དེར་ལྡོག་ཆ་ནས་ཕྱེ་སྟེ་རིགས་ཤེས་སུ་སོང་བའི་ཡུལ་མེད་ལ། རྗེས་དཔག་ཏུ་སོང་བའི་ཡུལ་ཡོད་པར་བཤད་པ་སོགས་བྱུང་བའི་ཕྱིར། རྗེའི་ལེགས་བཤད་སྙིང་པོ་ལས། རིགས་ཤེས་ལ་གཞལ་བྱ་ཡོད་ན་བདེན་གྲུབ་ཏུ་སོང་ནས་སྔོན་གྱི་མཁས་པ་དག་ཁ་ཅིག་དེ་ཉིད་འདོད་ལ། ལ་ལ་རིགས་ཤེས་ཡུལ་མེད་དང་། གཞན་དག་རིགས་པ་དང་རྗེས་དཔག་གི་ལྡོག་པ་ཕྱེ་ནས་ཡུལ་ཡོད་མེད་དུ་འཇོག་གོ། ཞེས་གསུངས་པའི་ཕྱིར། གུང་ཐང་རིན་པོ་ཆེའི་རྗེའི་བསྟོད་པ་དོན་ལྡན་མའི་འགྲེལ་པ་༣༩ན་གསུངས་པར་གཞི་བྱས་ཏེ་བཀོད།