3139

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགའ་བོ་རབ་ཏུ་བྱུང་བའི་མདོ
Tibetan Definition བཅོམ་ལྡན་འདས་ཀྱིས་རང་གི་གཅུང་པོ་དགའ་བོ་ཞེས་བྱ་བ་འདོད་ཆགས་ཧ་ཅང་ཆེ་བ་དེ་ཉིད་རབ་ཏུ་འབྱུང་བར་སྐུལ་བའི་ཚུལ་བསྟན་ཡོད། དགེ་སྡེ་སྤར་མའི་མདོ་༼ ས ༽༢༥༤བ་༣ན་བཞུགས། སྤྱོད་འཇུག་ལས། དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི། །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀར་གསུངས། །ཞེས་པའི་བཤད་བྱ་རྩ་བའི་མདོ་ཡང་འདི་ཉིད་ཡིན་པར་སྙམ། དགའ་བོ་རབ་ཏུ་བྱུང་བའི་མདོ་༼ མདོ་ས་པ ༽༢༥༦བ་༥ལས། དགའ་བོ་ཁྱོད་ཀྱིས་རབ་ཏུ་བྱུང་། །དལ་བ་ཤིན་ཏུ་རྙེད་དཀའ་སྟེ། །དགའ་བོ་སྟོན་པ་མངོན་གྱུར་པ། །ང་ལ་མི་མཉེས་མ་བྱེད་ཅིག །དགའ་བོ་དཔེར་ན་ས་ཆེན་པོ་འདི་ཆུ་གཅིག་པུར་རྒྱ་མཚོར་གྱུར་ལ། དེ་ན་རུ་སྦལ་ཞར་བ་གཅིག་ཀྱང་ཡོད། དེ་ན་གཉའ་ཤིང་བུ་ག་གཅིག་པ་གཅིག་ཀྱང་རྒྱུ་ལ་རུ་སྦལ་ཞར་བ་དེ་འདི་སྐད་དུ། གཉའ་ཤིང་གི་བུ་ག་དེར་མགྲིན་པ་ཆུད་པར་བྱའོ་སྙམ་དུ་སེམས་སྐྱེ་ཞིང་། གཉའ་ཤིང་བུ་ག་ཅན་དེ་ཡང་རླུང་གིས་བསྐྱོད་ནས་ཕྱོགས་ཕྱོགས་སུ་རྒྱུག་པར་བྱེད་པ་ན་དགའ་བོ་རྒྱ་ལ་རྐྱེན་ཞིག་གིས་རུ་སྦལ་ཞར་བ་དེའི་མགྲིན་པ་གཉའ་ཤིང་གི་བུ་ག་དེར་འཇུག་པར་འགྱུར་གྱི། དགའ་བ་མི་ཉིད་ཐོབ་པ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །