3170

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་བཤེས་ལྷ་རམས་པ
Tibetan Definition གནས་རིམ་མཐོ་ཤོས་ཀྱི་དགེ་བཤེས་ཤིག་སྟེ། དེ་ཡང་སྔར་བོད་ལ་ལྷ་སར་སྨོན་ལམ་ཆེན་མོའི་སྐབས་གདན་ས་གསུམ་མཉམ་འཛོམས་ཀྱི་འདུས་ཚོགས་ཀྱི་དབུས་སུ་གཞུང་ཆེན་བཀའ་པོད་ལྔ་ལ་བགྲོ་གླེང་དམ་འཇོག་མཛད་པའི་མཐོ་རིམ་གྱི་དགེ་བཤེས་ཤིག་ཡིན། དགེ་བཤེས་ལྷ་རམས་པའི་སྲོལ་ནི། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་བཏོད་པར། མཁས་དབང་ཚེ་ཏན་ཞབས་དྲུང་གིས་རྗེའི་ལམ་རིམ་གྱི་ཟིན་བྲིས་གླེགས་བམ་སྟོད་ཆ་༣༤ན༣ལས་གསུངས་ལ། དེའི་རྩོད་རྒྱུགས་ཀྱི་བྱུང་བ་མདོ་ཙམ་བརྗོད་ན། དེ་སྔ་བོད་དུ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐབས་གཞུང་ས་མཆོག་ནས་ནོར་བུ་གླིང་ཁའི་ཕོ་བྲང་གི་གཟིམས་ཆུང་ཉི་འོད་འཁྱིལ་དུ་དགེ་བཤེས་ལྷ་རམས་པའི་རྩོད་རྒྱུགས་བཞེས་སྲོལ་ཕྱི་ལོ་༡༡༡༩ལོར་གསར་གཏོད་མཛད་ཅིང་། དེ་ཡང་སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་པའི་སྔ་ལོ་དེར་ཡིན་འདུག དེ་ལོར་རྩོད་རྒྱུགས་ཟིན་མཚམས་གདན་ས་སོ་སོའི་མཁན་པོ་རྣམས་བཀའ་འགུགས་ཀྱིས་འདི་ལོའི་དགེ་བཤེས་གྲས་ནས་འགའ་ཤས་ལྷ་རམས་མི་འོས་པ་ལྟ་བུ་འདུག་རུང་། ད་ལམ་རྩོད་རྒྱུགས་ཐོག་མར་སོང་གཤིས་དམིགས་བསལ་རང་བབས་བཞག་པ་ཡིན་ཞིང་། ཕྱི་ལོ་ནས་བཟུང་དགེ་བཤེས་སློབ་གཉེར་བཟང་གྲས་གོ་འཕེར་ཤ་སྟག་མ་བྱུང་ཚེ་དོ་བདག་དགེ་བཤེས་ཕྱིར་འཐེན་བྱ་རྒྱུ་སྨོས་མེད་ཐོག གྲྭ་ཚང་སོ་སོའི་མཁན་པོར་ཡང་ཉེས་བཀོད་གནང་རྒྱུ་ཡིན་ཞེས་བཀའ་ནན་ཕེབས། དེའི་རྟིང་ལོར་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་མཚན་རྟགས་བཞེས་སྐབས་སྒོ་མང་ཨུ་ཆུ་མུ་ཅིན་སོག་པོ་ཧོ་ཐོག་ཐུར་བཀའ་ཉེས་གསེར་སྲང་བཅུ་དང་། སེར་བྱེས་ལྡན་མ་སྤྲུལ་སྐུར་གསེར་སྲང་ལྔ། སེར་སྨད་ར་ལྟག་དང་། དགའ་ཤར་འབའ་ཐར་གཉིས་ལ་གསེར་སྲང་རེ་བཅས་བཀའ་ཉེས་ཕབ་ནས་དགེ་བཤེས་རང་འཇགས་གནས་ཙམ་བྱུང་། རྩོད་རྒྱུགས་སྐབས་རྒྱལ་དབང་མཆོག་ཀྱང་སྐབས་རེར་གཟིམས་ཆུང་ཉི་འོད་ཀྱི་གདེངས་ཆའི་གཟིམས་སྒོའི་ཡོལ་བའི་ཕག་ཏུ་བྱོན་ནས་མངོན་ཆུང་གིས་གསན་གཟིགས་བསྐྱངས་ཀྱི་ཡོད། དགེ་བཤེས་མིང་རྟགས་ནི་གྲྭ་ཚང་སོ་སོའི་མཁན་པོས་གནང་གི་ཡོད་མོད། འོན་ཀྱང་སེར་བྱེས་གྲྭ་ཚང་ལྟ་བུར་དགེ་བཤེས་ལྷ་རམས་གཏོང་སྔ་ཕྱིའི་གོ་རིམ་ནི་རིགས་ཆེན་ཚོགས་ལངས་ཀྱི་ཨང་ཐོབ་གོ་རིམ་ལྟར་ཡིན་པས་གལ་འགངས་ཆེན་པོར་བརྩི་ཞིང་། གྲྭ་ཚང་སྨད་ལ་རིགས་ཆུང་ཚོགས་ལངས་ཀྱི་སྒོ་ནས་དགེ་བཤེས་གཏོང་སྔ་རྟིང་འཇོག་པ་རེད། ངེད་རང་ལྷ་རམས་དམ་བཅའ་བཞག་པའི་སྔ་ལོའམ་ཕྱི་ལོ་༡༩༩༢ ལོར་༸གོང་སྐྱབས་མགོན་ཆེན་པོའི་བཀའ་ལུང་བཞིན་རྒྱ་གར་དུ་བྱེས་སུ་འབྱོར་ནས་སྔོན་བྱུང་མ་མྱོང་བའི་ལྷ་རམས་རྒྱུགས་སྤྲོད་ཧ་ཅང་དམ་དོག་ཆེ་བ་ཞིག་དགེ་ལྡན་བསྟན་པའི་མཛེས་རྒྱན་དགའ་ལྡན་ཁྲི་རིན་པོ་ཆེ་དང་། ཤར་བྱང་གི་ཆོས་རྗེ་རྣམ་གཉིས། གྲྭ་ཚང་དྲུག་གི་མཁན་པོ་ལས་ཐོག་བཅས་གདན་འཛོམས་པའི་དབུས་སུ་ཉིན་ཧྲིལ་པོ་བཅུ་གཉིས་རིང་རྩོད་རྒྱུགས་སྤྱན་འབེབས་ལམ་ལྷོང་དགོས་རྒྱུ་དང་། རྒྱ་གར་དུ་དེ་སྔ་ནི་འཛིན་གྲྭ་འཕོས་རིམ་བཞིན་དགེ་བཤེས་གཏོང་འགྲོ་བ་མ་གཏོགས་རྒྱུགས་འཕྲོད་མ་འཕྲོད་ཀྱི་ཐ་སྙད་མེད། ངེད་ཚོ་ནི་ཐེངས་དང་པོར་སོང་གཤིས་རྒྱུགས་སྤྲོད་དམ་དོག་ཧ་ཅང་ཆེས་པས་རྩོད་རྒྱུགས་འབུལ་མཁན་གྱི་དགེ་བཤེས་ཉི་ཤུ་ལས་དཔེ་ཆ་དྲག་གྲས་འགའ་རེ་དང་བཅས་མི་བརྒྱད་རྒྱུགས་མ་འཕྲོད་པས་ལྷ་རམས་ཕྱིར་འཐེན་བྱས་སོང་། རྗེས་ལོ་རྣམས་སུ་ངེད་ཚོ་ལ་གནང་བའི་དམ་དོག་གི་རྒྱ་དེ་ལྷོད་དུ་སོང་སྟེ། ཙི་ཙིའི་མཇུག་མ་ལྟར་གྱུར་ཅིང་། དེང་སང་ནི་དགེ་ལུགས་རྒྱུགས་སྤྲོད་འཕྲོད་མ་འཕྲོད་ཀྱིས་ས་མཚམས་འབྱེད་ཀྱི་ཡོད་འདུག ལྷ་རམས་པའི་སྒྲ་བཤད་ནི། ལྷ་ནི་ལྷ་ས་དང་། རམས་ནི་རབ་འབྱམས་ཀྱི་བསྡུས་ཚིག་སྟེ། ལྷ་སའི་རབ་འབྱམས་པ་ཞེས་བྱ་བའི་དོན་ནོ། །