3179

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་ཚུལ
Tibetan Definition (འདུལ་བ) <ཤྲ་མ་ཎེ་ར> མཁན་སློབ་དགེ་འདུན་དང་བཅས་པའི་དབུས་སུ་ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་ཏེ། རྩ་བ་བཞི་དང་ཡན་ལག་དྲུག་ཇི་སྲིད་འཚོའི་བར་དུ་སྤོང་བར་ཁས་བླངས་པའི་གང་ཟག་ལ། དགེ་ཚུལ་ཟེར། རྩ་བ་བཞི་དང་ཡན་ལག་དྲུག་ནི། ༡ སྲོག་གཅོད་པ། ༢ མ་བྱིན་པར་ལེན་པ། ༣ མི་ཚངས་པར་སྤྱོད་པ། ༤ བརྫུན་དུ་སྨྲ་བ་སྟེ་རྩ་བ་བཞི་དང༌། ༥ གར་ (སོགས་སྒྲས་གླུ་དང་རོལ་མོ་གཉིས་བསྡུས་པར་འོད་ལྡན་ལས་གསུངས) སོགས། ༦ འཕྲེང་ (སོགས་སྒྲས་སྤོས་ཉུག་པ་དང་ཁ་དོག་འཆང་བ་གཉིས་བསྡུས་པར་འོད་ལྡན་ལས་གསུངས) སོགས། ༧ གསེར་དངུལ་ལེན་པ། ༨ ཆང་འཐུང་བ། ༩ ཕྱི་དྲོའི་ཁ་ཟས་ཟ་བ། ༡༠ མལ་སྟན་ཆེ་མཐོ་ (མལ་ཆེ་བ་དང་མཐོ་བ་གཉིས་གཅིག་ཏུ་བགྲང་ངོ) སྟེ་ཡན་ལག་དྲུག་གོ །རྗེའི་འདུལ་བ་རྒྱ་མཚོའི་སྙིང་པོ་ལས། རྩ་བ་བཞི་དང་ཡན་ལག་དྲུག །བཅུ་སྤོང་དགེ་ཚུལ་སྡོམ་པའོ། །གར་སོགས་ཕྲེང་སོགས་རྣམ་གཉིས་དང༌། །གསེར་དངུལ་ལེན་དང་རྣམ་པ་གསུམ། །ཕྱེ་བས་ཡན་ལག་དྲུག་ཏུ་འགྱུར། །ཞེས་གསུངས་པ་ལྟར་རོ། །མཚོ་ཊཱིཀ་ལས། དགེ་ཚུལ་གྱི་ངོ་བོ་ནི། སྤང་བྱ་བཅུ་སྤོང་བའི་སྡོམ་པ་དང་ལྡན་པའི་གང་ཟག་སྟེ། མཛོད་འགྲེལ་ལས། སྤང་བྱ་བཅུ་སྤོང་བ་ཡང་དག་པར་བླངས་པས་ནི་དགེ་ཚུལ་ཡིན་ནོ། །ཞེས་གསུངས་སོ། །སྒྲ་བཤད་ནི། མཚོ་ཊཱིཀ་ལས། མིག་མཆི་མས་གང་བ་དང་འདྲ་བས་ན་དགེ་ཚུལ་ཞེས་བྱ་སྟེ། མིག་མཆི་མས་གང་བ་དེས་ཐག་ཉེ་བ་མཐོང་ཡང་ཐག་རིང་བ་མི་མཐོང་བ་ལྟར་དགེ་ཚུལ་ཡང་རང་གི་བསླབ་པ་སྟོན་པའི་འདུལ་བ་ཉན་དུ་རུང་ཡང། དགེ་འདུན་དང་འབྲེལ་བའི་ལས་ཆོག་རྣམས་སྤྱིར་བཏང་ལ་ཐོས་སུ་མི་རུང་བས་ན་དགེ་ཚུལ་ཞེས་བྱའོ། །ཕལ་སྐད་དུ་ཙི་ལུ་ཞེས་པ་གཡོག་པོ་ཞེས་པ་སྟེ་བླ་མའི་བྱ་བ་ལ་ངལ་ཞིང་དུབ་པའི་དོན་གྱིས་ན་དགེ་ཚུལ་ཞེས་བྱའོ། །ཞེས་གསུངས་པ་ལྟར་རོ། །