3187

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་འདུན
Tibetan Definition <སཾགྷ> 1 འཕགས་པའི་གང་ཟག སྒྲ་བཤད་ནི། འདུས་ཤིང་འཚོགས་པས་ན་དགེ་འདུན་ནོ། །མང་པོས་དགེ་འདུན་གྱི་སྒྲ་བཤད་པ་ན། དགེ་ནི་དོན་དམ་པའི་དགེ་བ་སྟེ་ཐར་པ་ཡིན་ལ། དེ་ལ་འདུན་པ་སྟེ་དོན་དུ་གཉེར་བས་ན་དགེ་འདུན་ཞེས་བརྗོད་མོད། དོན་ལ་འགྲིག་ཀྱང་སྒྲ་བཤད་ཚུལ་དེ་ལེགས་པར་མ་མཐོང་ངོ་། །སྐད་དོད་ “སཾགྷ” ལ་འདུས་པའམ་འདུན་པ་ཞེས་པ་ཙམ་ལས་ “དགེ” ཞེས་མི་འབྱུང་ལ། དེ་ནི་བོད་ཀྱི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་དགོས་དབང་གིས་བླ་ཐབས་སུ་བསྣན་པའོ། ། “འདུན” ནི་འདུན་པ་སྟེ་འདུས་པའམ་ཚོགས་པའི་དོན་ཏེ། སྐྱོགས་སྟོན་ལོ་ཙཱའི་དག་ཡིག་ལི་ཤིའི་གུར་ཁང་ལས། འདུན་པ་ནི་ཚོགས་པ་ཞེས་གསུངས་སོ། །བོད་ཀྱི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་ “སཾགྷ” དགེ་འདུན་དུ་བསྒྱུར་བ་ནི་ཤིན་ཏུ་ལེགས་མོད། ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱིས་ “དགེ་འདུན” གྱི་འདུན་ཞེས་པ་འདུས་པའི་དོན་ཡིན་པར་མ་གོ་བར་དོན་གཉེར་གྱི་འདུན་པ་ལ་གོ་འདུག་པ་ཡང་དེས་སྐྱོན་ནོ། །རྗེའི་གསང་སྔགས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་བཤད་དངོས་གྲུབ་ཀྱི་སྙེ་མ་ལས་ཀྱང་། འདུས་པས་ན་དགེ་འདུན། ཡང་ན་མི་ཕྱེད་པས་ན་དགེ་འདུན། བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ལས། དགེ་འདུན་ནི་ཚོགས་ཏེ། དེ་ཇི་ལྟར་དགེ་འདུན་ཡིན་ཞེ་ན། མི་ཕྱེད་པས་ན་དགེ་འདུན་ཏེ། སངས་རྒྱས་ཆོས་དང་དགེ་འདུན་ནི། །བདུད་རྣམས་བྱེ་བ་བརྒྱ་ཡིས་ཀྱང་། །གང་ཕྱིར་དབྱེ་བར་མི་ནུས་པས། །དེ་ཕྱིར་དགེ་འདུན་ཞེས་བྱའོ། །ཞེས་ཀྱང་གསུངས་སོ། །དཀོན་མཆོག་གསུམ་གྱི་བསྟོད་པའི་འགྲེལ་པ་སློབ་དཔོན་རྒྱལ་བའི་སྲས་ཀྱིས་མཛད་པ་བསྟན་འགྱུར་༼ ཀ་པ ༽བསྟོད་ཚོགས་ཤོག་གྲངས་༡༠༥བ་ཕྲེང་༡ལས་ཀྱང་། འདི་དག་ལྷའི་བུའི་བདུད་དག་གིས་ཀྱང་སྟོན་པ་དང་ལྟ་བ་ལས་མི་ཕྱེད་པས་ན་དགེ་འདུན་ཏེ། དེ་ལ་སྟོན་པ་ལས་མི་ཕྱེད་པ་ནི་ཤེས་ནས་དད་པ་ཐོབ་པས་སོ། །ལྟ་བ་ལས་མི་ཕྱེད་པ་ནི་བདག་མེད་པའི་ཡེ་ཤེས་རྣམ་པར་དག་པ་ཐོབ་པའི་ཕྱིར་རོ། །ཞེས་གསུངས་སོ། །ཡང་ན། དབྱེར་མེད་གཅིག་ཏུ་འཚོགས་པའི་ཕྱིར་མི་ཕྱེད་པ་སྟེ། ཝི་མ་ལ་མི་ཏྲའི་ཤེར་སྙིང་འགྲེལ་པ་ལས། དེ་དག་མང་པོ་འཚོགས་པས་དབྱེར་མེད་པའི་ཕྱིར་དགེ་འདུན་ནོ། །ཞེས་གསུངས་སོ། །ཇོ་ནང་ཏཱ་ར་ནཱ་ཐའི་བཀྲ་ཤིས་ཀྱི་རྣམ་བཤད་༣ན་༡ལས། དེ་ལྟ་བུའི་ཆོས་མངོན་དུ་བྱས་པ་ནི་འཕགས་པ་ཡིན་ལ། འཕགས་པ་དེ་ཉིད་མང་དུ་ཚོགས་པ་ནི་འདུས་པའོ། །དེ་ལ་སངྒྷ་ཞེས་བྱ་བ་འདུས་པའི་དོན་དང་། ཡང་རྣམ་པ་གཅིག་ཏུ་ན། སཾ་ནི་དགེ་བའམ་བཟང་པོའི་དོན་ཡིན་པའི་ཕྱིར། སྐྱེ་བོ་བཟང་འདུན་ལ་ཚོགས་པ་ལྟར་དགེ་བ་སྟེ་ཐར་པའི་བཟང་འདུན་བྱེད་པ་ཡིན་པའི་ཕྱིར་དགེ་འདུན་ཏེ། དམ་པ་ནི་འཕགས་པའི་སྐྱེས་བུའོ། །ཞེས་ཀྱང་གསུངས་སོ། །འདིའི་དོགས་གཅོད། སྨོན་འདྲིན་ཞེས་པའི་ཐད་དུ་གཟིགས། དགེ་འདུན་ཞེས་པ་བསླབ་པ་སློབ་གཉེར་དང་འདུལ་ཁྲིམས་ཚུལ་བཞིན་སྲུང་བའི་སྡོམ་གཙང་གི་ཚོགས་པ་ཞིག་དགོས་ཀྱི། དེ་ལྟར་མིན་ན། མཁས་གྲུབ་ཆོས་རྗེའི་རྟོགས་པ་དང་ལྡན་པ་དག་ལ་གཏམ་དུ་བྱ་བ་གཟུགས་བརྙན་གསལ་བར་བྱེད་པའི་མེ་ལོང་ཞེས་བྱ་བ་གསུང་ཐོར་བུའི་༤༤བ༡ལས། རྣམ་དག་བསླབ་པས་བསྡམས་པའི་དགེ་སློང་ནི། །གཅིག་ཀྱང་མེད་པར་རྟགས་ཙམ་བསྒྱུར་བ་ཡི། །བཟའ་བཏུང་དོན་གཉེར་ཁྱིམ་པའི་བརྟུལ་ཞུགས་ཅན། །བརྒྱ་སྟོང་ཚོགས་ཀྱང་དགེ་འདུན་གཟུགས་བརྙན་ཡིན། །ཞེས་གསུངས་པ་ལྟར་དུ་འགྱུར་ཉེན་ཡོད་དོ། ། 2 (འདུལ་བ) སོ་སྐྱེའི་དགེ་སློང་བཞི་གྲྭ་གཅིག་གམ་དེ་ཡན་ཆད་ལ་དགེ་འདུན་ཟེར། བོད་རྒྱ་ཚིག་མཛོད་ཆེན་མོར། དགེ་འདུན་གྱི་འགྲེལ་བཤད་ལ། ཉོན་མོངས་པ་སྤོང་བ་ལ་ཞུགས་པའི་སློབ་པ་ལམ་གྱི་གང་ཟག་དགེ་སློང་གསུམ་མམ་བཞི་ཡན་ཆད། ཅེས་གསུངས་པ་ལ་དོགས་པ་འདི་ལྟར་ཡོད་དེ། འདིའི་དགེ་འདུན་ཞེས་པ་ཡོངས་གྲགས་ཀྱི་འདུལ་བ་ནས་བཤད་པའི་དགེ་སྦྱོང་ལ་ཟེར་བ་ཡིན་ན་ནི། དགེ་འདུན་ལ་དགེ་སློང་བཞི་གྲྭ་གཅིག་ངེས་པར་ཚང་དགོས་པས་གསུམ་མམ་ཞེས་པ་ནོར་བ་ཡིན་ལ། ཅི་སྟེ་དགེ་འདུན་དཀོན་མཆོག་ལ་ཟེར་བ་ཡིན་ན་གྲངས་བཅད་ཀྱི་ངེས་པ་མེད་པས་དེ་ཡང་ནོར་རོ། །འདུལ་བར། དགེ་སློང་བཞི་གྲྭ་ལ་དགེ་འདུན་དང་བཞི་གྲྭ་མ་ཚང་ན་གང་ཟག་གི་ཐ་སྙད་བྱེད་དོ། །