3192

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་འདུན་ལྷག་མ
Tibetan Definition (འདུལ་བ) (མཚོ་ཊཱིཀ) ལྟུང་བ་དངོས་གཞི་རྫོགས་པ་ཡིན་ཞིང་རང་གི་ངོ་བོའི་ཆ་ནས་ཆོ་ག་བརྗོད་ཚུལ་དགེ་འདུན་ལྷག་མའི་མིང་རིགས་བརྗོད་པས་ཚུལ་བཞིན་དུ་ཕྱིར་བཅོས་ན་འདག་ཏུ་རུང་བ་དེ། དགེ་འདུན་ལྷག་མའི་མཚན་ཉིད་དུ་མཚོ་ཊཱིཀ་གསུང་། ལྟུང་བ་དངོས་གཞི་རྫོགས་པ་ཡིན་ཞིང་ཞེས་པས། དགེ་འདུན་ལྷག་མ་ལ་ལྟུང་བ་དངོས་གཞི་ཡིན་དགོས་ཞེས་པའི་དོན་ཡིན། དཔེར་ན་ལྷག་མའི་སྦོམ་པོ་ལྟ་བུ་ལྷག་མའི་སྡེར་གཏོགས་ཡིན་ཀྱང་ལྷག་མ་དངོས་གཞི་མིན་ཞེས་པའི་དོན་ནོ། །རང་གི་ངོ་བོའི་ཆ་ནས་ཞེས་པ་ནི། མཚོ་ཊཱིཀ་མཆན་བུ་ལས། རང་གི་ངོ་བོའི་ཆ་ནས་ཞེས་པ་ནི་ལུང་ཞུ་བ་ལས་ལྷག་མ་བྱུང་ནས་ཕམ་པ་འཆབ་བཅས་བྱུང་ན་ལྷག་མ་དེ་ཕྱིར་བཅོས་ཀྱང་མི་འདག་པར་གསུངས་པ་དེ་སེལ་ལོ། །ཞེས་གསུངས་པ་ལྟར་རོ། །ཆོ་ག་བརྗོད་ཚུལ་ཞེས་པ་ཕྱིར་བཅོས་ཀྱི་ཆོ་ག་བརྗོད་ཚུལ་ཞེས་པའི་དོན་དང་། ལྷག་མའི་མིང་རིགས་ཞེས་པ་ནི། མིང་ནི་སྡེ་ཚན་ལ་ཟེར་ཞིང་། རིགས་ནི་སྡེ་ཚན་དེའི་བྱེ་བྲག་གོ། དཔེར་ན་ཁུ་བ་འབྱིན་པའི་ལྷག་མ་ལྟ་བུ་ཞིག་ཕྱིར་བཅོས་བྱེད་ཚེ། མིང་ནི་ལྷག་མའི་སྡེ་ཚན་ལས་ཞེས་པ་དེ་ཡིན་ལ། རིགས་ནི་དེའི་ནང་ཚན་ཁུ་བ་འབྱིན་པའི་ལྷག་མ་ཞེས་པ་དེ་ཡིན་ནོ། །ཕལ་སྐད་དུ་གོ་བདེ་བར་བཤད་ན། ང་ལ་ལྷག་མ་བྱུང་སོང་ཞེས་པ་ལྟ་བུ་ལྟུང་བ་སྡེ་ལྔའི་ནང་ནས་ལྷག་མའི་སྡེ་ཚན་གྱི་མིང་བརྗོད་པ་ཡིན། ལྷག་མའི་སྡེ་ཚན་གྱི་ནང་ནས་ཁུ་བ་འབྱིན་པའི་ལྷག་མ་བྱུང་སོང་ཞེས་བརྗོད་ཚེ། སྡེ་ཚན་དེའི་རིགས་སམ་བྱེ་བྲག་ཁུ་བ་འབྱིན་པའི་ལྷག་མ་དམིགས་སུ་བཀར་ནས་བརྗོད་པ་ལྟ་བུའི་དོན་ནོ། །དེ་ཡང་སློབ་དཔོན་ཡོན་ཏན་གྱི་འོད་ཀྱི་མདོ་རྩའི་རང་འགྲེལ་རང་གི་རྣམ་བཤད་ལས། འདིར་མིང་ནི་ལྟུང་བྱེད་ཀྱི་སྡེ་ཚན་ལས་མིང་ངོ། །བྱུང་བ་ནི་རིགས་སོ་ཞེས་བྱ་བ་སྨོས་ཏེ། འདིར་ལྟུང་བ་ལས་ལྡང་བ་ལ་སྡེ་ཚན་ལ་བརྟེན་ནས་མིང་དུ་གྲགས་པ་གང་ཡིན་པ་དེ་ནི་མིང་དུ་ཤེས་པར་བྱའོ། །དེ་བས་ན་ཕམ་པར་འགྱུར་བ་དང་དགེ་སློང་ལྷག་མར་ཞེས་བྱ་བ་ལ་སོགས་པས་སོ། །བསམས་བཞིན་དུ་ཁུ་བ་འབྱིན་པ་ལ་སོགས་པ་བྱུང་བ་གང་ཡིན་པ་དེ་ནི་རིགས་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། ལྟུང་བ་དེ་དགེ་འདུན་ལས་ལྡང་བའམ་འདག་པར་འགྱུར་གྱི་གང་ཟག་ལས་མི་ཡིན་པས་ན་དགེ་འདུན་ལྷག་མ་ཞེས་བྱ་ལ། གསོར་རུང་ཙམ་གྱིས་ལྷག་མར་ལུས་པས་ན་ལྷག་མའོ། །