3198

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་ལུགས་པས་སྟོང་ཉིད་མེད་དགག་ཏུ་བཞེད་པའི་ཁུངས
Tibetan Definition དགེ་ལྡན་པས་སྟོང་ཉིད་མེད་དགག་ཏུ་བཞེད་པའི་ལུང་གི་ཁུངས་ནི། མདོ་སྡེ་དགོངས་འགྲེལ་དང་། ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ། བཞི་བརྒྱ་པའི་འགྲེལ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་བཅས་ལ་གཏུགས་པར་གསུངས་ལ། དེ་ཡང་ (ཡོངས་གྲུབ་འཆད་པའི་སྐབས་ཀྱི) མདོ་སྡེ་དགོངས་འགྲེལ་ལས། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བཏགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་དེ་ཉིད་ཀུན་བཏགས་པའི་མཚན་ཉིད་དེར་ཡོངས་སུ་མ་གྲུབ་ཅིང་། ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད། ཆོས་ལ་བདག་མ་མཆིས་པ་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ནི། ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཏེ། ཞེས་གསུངས་པ་འདིས་སྟོང་གཞི་གཞན་དབང་གི་སྟེང་དུ་དགག་བྱ་ཆོས་བདག་རྣམ་པར་བཅད་ཙམ་གྱི་མེད་དགག་དེ་ལ་ཆོས་ཀྱི་བདག་མེད་ཀྱི་ཡོངས་གྲུབ་ཏུ་གསལ་བར་བཤད་ཅིང་། ཡང་དེ་ཉིད་ལས། གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་དང་། དོན་དམ་པའི་མཚན་ཉིད་ཐ་དད་ཡིན་པར་གྱུར་ན། འདུ་བྱེད་རྣམས་ཀྱི་བདག་མེད་པ་ཙམ་དང་ངོ་བོ་ཉིད་ཙམ་ཉིད་དོན་དམ་པའི་མཚན་ཉིད་ཡིན་པར་ཡང་མི་འགྱུར་རོ། །བདག་མེད་པ་ཙམ་དང་ངོ་བོ་ཉིད་མེད་པ་ཙམ་ཉིད་ཅེས་པའི་ཙམ་སྒྲ་འདིས། འདུ་བྱེད་གཞན་དབང་གི་སྟེང་དུ་ཆོས་བདག་བཀག་ཙམ་གྱི་མེད་དགག་ཆོས་ཀྱི་བདག་མེད་ཀྱི་ཡོངས་གྲུབ་ཏུ་གསལ་བར་བསྟན་པའི་ཕྱིར་རོ། །ཡང་ (ཡོངས་གྲུབ་ཀྱི་དཔེ་འཆད་པ་ན) དེ་ཉིད་ལས། དོན་དམ་ཡང་དག་འཕགས། དེ་ལ་འདི་ལྟ་སྟེ་ནམ་མཁའ་གཟུགས་ཀྱི་ངོ་བོ་ཉིད་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བ་དང་ཐམས་ཅད་དུ་སོང་བ་ཇི་ལྟ་བ་དེ་ལྟ་བུར་དོན་དམ་པ་ངོ་བོ་ཉིད་མེད་པ་དེ་ལས་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་དང་། ཐམས་ཅད་དུ་སོང་བ་ཞིག་བལྟ་བར་བྱ་སྟེ། ཆོས་ཀྱི་བདག་མེད་ཀྱི་ཡོངས་གྲུབ་དེ་ཆོས་ཅན་ཐམས་ཅད་ལ་ཁྱབ་པ་དང་། ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་ཞེས་ཆོས་བདག་བཀག་ཙམ་གྱི་མེད་དགག་ཡིན་པར་གསལ་བར་བཤད་པའི་ཕྱིར། (རྒྱས་པར་གཟིགས་འདོད་ན། རིགས་པའི་དབང་ཕྱུག་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཤཱཀ་ལན་ལྟ་ངན་མུན་སེལ་སོགས་དགག་ལན་གསུམ་མཉམ་དུ་བཞུགས་པའི་དེབ་གཟུགས་༣༢༥ན་ཤིན་ཏུ་གསལ་བར་གསུངས་ཡོད་པ་དེར་བལྟ་བར་བྱའོ) དེ་བཞིན་དུ་རྩ་ཤེས་ལས། འགག་པ་མེད་པ་སྐྱེ་མེད་པ། །ཞེས་སོགས་ཀྱིས་དོན་དམ་པར་སྐྱེ་འགག་སོགས་བརྒྱད་མེད་པ་མཉམ་གཞག་གི་ཡུལ་དུ་གསུངས་ལ། བཞི་བརྒྱ་པའི་འགྲེལ་པར་ཡང་། གང་ཞིག་ཞི་བའི་སྒོ་གཉིས་སུ་མེད་པ་དེ་ནི་བདག་མེད་པའོ། །གང་ཞིག་ལྟ་བ་ངན་པ་རྣམས་འཇིག་པར་བྱེད་པ་དེ་ནི་བདག་མེད་པའོ། །ཞེས་སོགས་ཀྱི་གཞུང་ལ་གཏུགས་པར། རྗེ་གུང་ཐང་པའི་རྗེའི་བསྟོད་པ་དོན་ལྡན་མའི་འགྲེལ་པ་ཤོག་གྲངས་༧༩ན་གསལ་བ་ལྟར་རོ། །སྟོང་ཉིད་མེད་དགག་ཡིན་པ་ལ་རིགས་པའི་སྒྲུབ་བྱེད་མང་དུ་ཡོད་ཀྱང་། དེ་དག་ལས་དཔེ་མཚོན་ཙམ་ཞིག་བརྗོད་ན། “ཆོས་ལ་ངེས་སེམས་ཀྱི་བཟོད་པ” ཞེས་པ་འདི་ལ་ཐུག་གི་འདུག་སྙམ། དེའི་དོན་ནི་སྟོང་ཉིད་ལ་མི་སྐྲག་པའི་བཟོད་པ་ཞེས་པའི་དོན་ཡིན། ལྟ་བ་ཐོག་མར་རྟོགས་ཚེ་དགག་བྱ་བཀག་པ་ན་ཤུལ་དུ་ཅི་ཡང་མི་འདུག་སྙམ་པའི་སྟོང་ཉིད་ལ་འཇིགས་སྣང་ཞིག་ངང་གིས་སྐྱེ་བར་བཤད་ལ། དེ་ནི་སྟོང་ཉིད་མེད་དགག་ཏུ་འདོད་པའི་ལུགས་ལ་འབྱུང་གི་དེ་ལས་གཞན་དུ་འདོད་པ་རྣམས་ལ་འབྱུང་ཚུལ་ཆེར་མི་སྣང་ལ། མཁས་སྒྲུབ་ཐམས་ཅད་མཁྱེན་པས་ཀྱང་ལྟ་བ་ཐོག་མར་རྟོགས་ཚེ་ཆད་མཐར་ལྟུང་བའི་འཇིགས་པས་གློ་བུར་དུ་སྐུ་འགག་གི་མཐའ་ནས་ཕྱག་གིས་འཇུས་ཏེ། ཐ་སྙད་དུ་ཡོད་པ་ལ་ངེས་ཤེས་འཁྲུངས་ཏེ། སྣང་སྟོང་ཟུང་འཇུག་ཏུ་རྟོགས་ནས་ལྟ་བའི་དཔྱད་པ་རྫོགས་ཚུལ་གྱི་ལོ་རྒྱུས་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་རྗེ་ཙོང་ཁ་པ་ཆེན་པོས། སྣང་སྟོང་ཟུང་འཇུག་གི་ཚུལ་ལ་ཐུགས་གཙིགས་ཧ་ཅང་ཆེན་པོར་མཛད་དོ། །རྗེ་ཙོང་ཁ་པ་ཆེན་པོའི་རྩ་ཤེ་ཊཱིཀ་ཆེན་ལས་ཀྱང་། སྤྲོས་བྲལ་རྟོགས་སོ་བྱས་ན་ཤིན་ཏུ་རངས་ཤིང་དགའ་ལ། སྤྲོས་པ་མེད་པ་དགག་པ་འཇལ་ལོ་བྱས་ན་མི་བཟོད་པ་ནི། དགག་བྱ་རྣམ་པར་བཅད་ཙམ་ཞིག་མེད་དགག་གི་དོན་ཡིན་པ་མ་རྟོགས་པར་མེད་དགག་ཐམས་ཅད་རི་བོང་གི་རྭ་དང་འདྲ་བའི་ཅང་མེད་དུ་འདོད་པའི་བློ་སྐྱོན་ཡིན་ཏེ། ཞེས་གསུངས་སོ། །འོ་ན་ཆོས་བརྒྱུད་རང་རང་གི་ལྟ་བ་དེ་ལྟ་བ་རྣམ་དག་ཡིན་མིན་ཇི་ལྟར་ཤེས་ནུས་སམ་ཞེ་ན། དེ་ནི་ལུང་རིགས་ཀྱིས་བསྒྲུབ་མི་དགོས་པར་ཤིན་ཏུ་སླ་སྟེ། གལ་ཏེ་ལྟ་བ་དེ་བསྒོམས་པས་རང་རྒྱུད་ཀྱི་ཆགས་སོགས་ཉོན་མོངས་ཀྱི་ཆ་རྣམས་ཤུགས་ཇེ་ཆུང་དང་། དད་སོགས་ཡོན་ཏན་གྱི་ཆ་རྣམས་ཇེ་འཕེལ་དུ་སོང་ན། ལྟ་བ་དེ་ལྟ་བ་རྣམ་དག་ཡིན་པའི་འབྲས་རྟགས་ཡང་དག་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ངེད་ཚོའི་ལྟ་བ་བཟང་ཁོང་ཚོའི་ལྟ་བ་ངན་ཞེས་པའི་རྩོད་པ་ཡང་གཞི་མེད་རང་ཡལ་དུ་འགྲོ་བར་འགྱུར་རོ། །