3203

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང
Tibetan Definition (འདུལ་བ) <བྷིཀྵུ> མཁན་སློབ་དགེ་འདུན་དང་བཅས་པའི་དབུས་སུ་ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་ཏེ། ད་ལྟར་གྱི་ཆོ་ག་ཉེས་མེད་ཕུན་ཚོགས་ཀྱི་སྒོ་ནས་བསྙེན་པར་རྫོགས་ཏེ། ཁྲིམས་ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ་རྣམས་ཇི་སྲིད་འཚོའི་བར་དུ་སྤོང་བར་ཁས་བླངས་ནས་ཚུལ་བཞིན་དུ་སྲུང་བར་བྱེད་པའི་གང་ཟག་གོ། སྒྲ་བཤད་ནི། སཾ་ཀྲྀ་སྐད་དོད་བྷིཀྵུ་ལ་སློང་མོ་བ་དང་། སྦྲང་པོའི་དོན་ཙམ་ལས། དགེ་ཞེས་པ་མེད་ཀྱང་བོད་ཀྱི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་བླ་ཐབས་སུ་བསྣན་པར་གསུངས་ཏེ། བུ་སྟོན་རིན་པོ་ཆེའི་ལས་བརྒྱ་རྩ་གཅིག་གི་རྣམ་པར་བཤད་པ་ཆོ་གའི་གསལ་བྱེད་༨༧བ༣ལས། སཾ་ཀྲྀ་ཏའི་སྐད་ལ། བྷིཀྵུ་ཞེས་པ་སློང་མོ་བའམ། སྤྲང་པོའི་མིང་སྟེ། དེ་ལ་སྔོན་གྱི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་སྒྲ་འཇུག་པའི་རྒྱུ་མཚན་འདི་ལ་བརྟེན་ནས། དགེ་ཞེས་བླ་ཐབས་སུ་བསྣན་ནས་དགེ་སློང་ཞེས་བསྒྱུར་ཏེ། བྷིཀྵུ་ལ་ཡི་གེ་ཕྱིས་པ་དང་བསྣན་པའི་ངེས་ཚིག་གིས་བི་དྷ་རྣམ་པ། ཀྵ་ཡ་ཟད་པ་སྟེ། ལུས་ངག་གི་འཆལ་བ་བདུན་རྣམ་པར་ཟད་པའི་ཕྱིར་དང་། དགེ་བ་སློང་བར་བྱེད་པ་དང་། ཟས་བསོད་སྙོམས་སུ་སློང་བར་བྱེད་པ་དང་། བྷི་བི་རུ་བསྒྱུར་ཀ་ཧ་རུ་བསྒྱུར་ནས། བི་ཧ་ར་གནས་པ། ཥ་ཤ་རུ་བསྒྱུར་ནས། ཤ་མ་ཞི་བ་སྟེ། ཞི་བར་གནས་པས་ན་དགེ་སློང་། ཡང་ཀ་ཊ་རུ་བསྒྱུར་ནས། ཨ་བྷིཥྚ་ཞུགས་པ། ཥུ་སུ་རུ་བསྒྱུར་ནས། སུ་མརྒ་ལཾ་སྟེ། ལམ་བཟང་པོ་ལ་ཞུགས་པས་ན། དགེ་སློང་། ལོག་འཚོ་སྤངས་ནས་སློང་མོས་ལེགས་པར་འཚོ་ཞིང་། ཡོ་བྱད་ཀུན་ཏུ་འཛིན་པའི་ཆགས་པ་སྤངས་པས་དགེ་སློང་། ཨ་བྷི་མ་ནོ་ཧ་ར། མངོན་པར་ཡིད་དུ་འོང་བས་ན། དགེ་སློང་ངོ་། །ཞེས་གསུངས་སོ། །དེའི་གོང་ཉིད་ལས། སྒྲ་འཇུག་རྣམ་པར་ཟད་ཕྱིར་དང་། །དགེ་བ་སློང་དང་ཟས་སློང་དང་། །ཞི་བར་གནས་དང་ལམ་ཞུགས་དང་། །ལེགས་པར་འཚོ་དང་ཆགས་སྤངས་དང་། །ཡིད་འོང་ཕྱིར་ན་དགེ་སློང་ཡིན། །ཞེས་གསུངས་པ་ལྟར་རོ། །ཡང་ན། བྷིཀྵུ་ཞེས་པའི་སྒྲ་ལས་དྲངས་ན་དགེ་བ་མྱ་ངན་ལས་འདས་པའི་དོན་འཚོལ་ཞིང་ཆོས་དང་ལྡན་པའི་བསོད་ནམས་སློང་བས་ན་དགེ་སློང་ཞེས་མཁན་པོ་ཛི་ན་མི་ཏྲ་ལ་སོགས་པ་བཞེད་དོ། །ཞེས་མཚོ་ཊཱིཀ་གསུང་། སྒྲ་སྦྱོར་བམ་གཉིས་ལས་ཀྱང་། བྷིཀྵུ་ཞེས་བྱ་བ་དགེ་སློང་ཕ་ཡིན་ཏེ། མྱ་ངན་ལས་འདས་པའི་དོན་སློང་ཞིང་འཚོལ་བ་དང་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་ལ་ཆོས་དང་མཐུན་པར་བསོད་སྙོམས་ལེན་པས་འཚོ་བས་ན་དགེ་སློང་ཞེས་བྱ། ཞེས་གསུངས་པ་ལྟར་རོ། །དགེ་སློང་ལ་དབྱེ་ན། མིང་གི་དགེ་སློང་། ཁས་འཆེ་བའི་དགེ་སློང་། སློང་བའི་དགེ་སློང་། ཉོན་མོངས་བཅོམ་པའི་དགེ་སློང་། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་དང་ལྔར་ཕྱེ་སྟེ། དགེ་སློང་བཏགས་པ་བ་དང་མཚན་ཉིད་པ་ཅི་རིགས་ཡོད་པ་མཚོ་ཊཱིཀ་ན་གསལ། ལུང་རྣམ་འབྱེད་ལས། མིང་གི་དགེ་སློང་གང་ཞེ་ན། གང་གི་མིང་དང་། མིང་དུ་བརྗོད་པ། ཚིག་གཉིས་པ་དང་། ཚིག་བླ་དྭགས་དང་། འདུ་ཤེས་དང་། བོད་པ་དང་། གདགས་པ་དང་། ཐ་སྙད་དགེ་སློང་ཞེའམ། དགེ་སློང་གི་རིགས་ཞེའམ། དགེ་སློང་དང་འདྲ་བར་གྱུར་པ་ཞེས་བྱ་བ་དེ་ནི་མིང་གི་དགེ་སློང་ཞེས་བྱའོ། །ཁས་འཆེ་བའི་དགེ་སློང་གང་ཞེ་ན། གང་དགེ་སློང་མ་ཡིན་བཞིན་དུ་བདག་ཉིད་དགེ་སློང་ངོ་ཞེས་ཁས་འཆེ་བར་བྱེད་པ་དང་། རྐུ་ཐབས་སུ་གནས་ཤིང་དགེ་སློང་དུ་དམ་འཆའ་བར་བྱེད་པ་དེ་ནི་ཁས་འཆེ་བའི་དགེ་སློང་ངོ་། །སློང་བའི་དགེ་སློང་གང་ཞེ་ན། གང་ཆོས་དང་ལྡན་པས་སློང་མོ་སྤྱོད་པས་འཚོ་བར་བྱེད་པ་དེ་ནི་སློང་བའི་དགེ་སློང་ཞེས་བྱའོ། །ཉོན་མོངས་བཅོམ་པའི་དགེ་སློང་ཞེ་ན། གང་གིས་གང་ཟག་ཀུན་ནས་ཉོན་མོངས་པར་བྱེད་པ། ཡང་སྲིད་པར་བྱེད་པ། རིམས་ནད་དང་བཅས་པ། རྣམ་པར་སྨིན་པ་སྡུག་བསྔལ་བ། ཕྱི་མ་ལ་སྐྱེ་བ་དང་། རྒ་བ་དང་། འཆི་བར་འགྱུར་བ་གང་དག་ཡིན་པ་དེ་དག་སྤངས་པ་དང་། ཡོངས་སུ་ཤེས་པ་དང་། རྩ་བ་ནས་བཅད་པ་དང་། ཤིང་ཏ་ལའི་མགོ་བཞིན་དུ་གཞི་མི་སྣང་བ་དང་། ཕྱི་མ་ལ་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པ་དེ་ནི་ཉོན་མོངས་པ་བཅོམ་པའི་དགེ་སློང་ཞེས་བྱའོ། །ཞེས་གསུངས་སོ། །