3206

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་དག་གམ་མཁས་རྣམས་ཀྱིས་ཞེས་སོགས
Tibetan Definition དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་པའི་ཚིགས་བཅད་འདི་«རྒྱན་སྟུག་པོ་བཀོད་པའི་མདོ»འི་ལུང་ཡིན་པར་མཁས་གྲུབ་ཆོས་རྗེའི་«དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མ་མེད་པའི་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ»ཞེས་བྱ་བ་ལས་གསུངས་སོ། །བུ་སྟོན་རིན་པོ་ཆེ་དང་དཔལ་འཛིན་སོགས་ཀྱིས་ཀྱང་དེ་བཞིན་དུ་གསུངས། འོན་ཀྱང་འཇིགས་མེད་དམ་ཆོས་རྒྱ་མཚོའི་དྲང་ངེས་ལེགས་བཤད་སྙིང་པོའི་འགྲེལ་པར་ཚིགས་བཅད་དེ་བོད་དུ་འགྱུར་བའི་རྒྱན་སྟུག་པོ་བཀོད་པའི་མདོར་མི་སྣང་ཟེར། འདི་ལ་འགྱུར་མི་འདྲ་བ་འགའ་ཙམ་སྣང་སྟེ། རྗེའི་དྲང་ངེས་ལེགས་བཤད་སྙིང་པོར་དྲངས་པ་ནི་རྭ་འགྱུར་ལྟར་དང༌། ཡང་འབྲོ་འགྱུར་ལས། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །མཁས་པ་རྣམས་ཀྱིས་ཡོངས་བརྟགས་ནས། །བདག་གསུང་བླང་བྱ་དགེ་སློང་དག །གུས་པའི་ཕྱིར་ནི་མ་ཡིན་ནོ། །ཞེས་དང༌། འགྱུར་གཞན་ཞིག་ཏུ། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །མཁས་པ་དག་གིས་བླང་བྱ་ཡི། །དགེ་སློང་དག་གིས་གུས་ཕྱིར་མིན། །ཞེས་འབྱུང་ངོ་། །