323

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀླུ་སྒྲུབ
Tibetan Definition <ནཱ་གཱརྫུ་ན> དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི། འཇམ་དཔལ་རྩ་རྒྱུད་དང་མདོ་སྡེ་སྤྲིན་ཆེན་པོ་གཞིར་བཞག་ན། བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་སྟེ། ཕྱི་ལོའི་སྔོན་གྱི་ BC དུས་རབས་དང་པོ་ཙམ་ལ་བྱོན་པར་འདོད་དགོས་ལ། ཡང་དེང་སང་མང་པོས་ AD སྤྱི་ལོའི་དུས་རབས་གཉིས་པའི་ནང་བྱོན་ཞེས་བཤད་ཚུལ་གཉིས་ཙམ་སྣང་ངོ་། །དེང་སང་མི་ཤེས་པ་མང་པོས་གྲུབ་ཆེན་ཟེར་དུས་མགོ་ལ་རལ་པའི་ཐོར་ལྕོག་ཡོད་ཅིང་། ལུས་གཅེར་བུར་ཕྱུང་ནས་ཀུན་སྤྱོད་ཀུན་དང་མི་མཐུན་པ་བྱེད་མཁན་ལྟ་བུ་ཞིག་ལ་གོ་འདུག་པ་ནི་ཆོས་ཀྱི་གནད་མ་རྟོགས་པའི་རྟགས་ཡིན་ཏེ། གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་དང་པོ་དང་དེ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུ་ནི་ཀླུ་སྒྲུབ་ཡིན་ཏེ། གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་ལས། དགེ་སློང་ལུས་ལ་དངོས་གྲུབ་བརྙེས། །ནགས་ཀྱི་ལྷ་མོས་བདུད་རྩི་ཕུལ། །ཀླུ་སྒྲུབ་སྙིང་པོ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་ཐོག་མར་ཀླུ་སྒྲུབ་ལ་བསྟོད་ཕྱག་མཛད་པའི་ཕྱིར་རོ། །རྒྱ་གར་ན་གྲུབ་ཐོབ་ལ་སྔ་བ་ཀླུ་སྒྲུབ་ཀླུ་སྒྲུབ་ལུང་བསྟན་ཚུལ་ཡོད་དེ། འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་འབོད་འབྱུང་། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་གྲུབ། །བསྟན་བཅོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་པའི་དོན་དེ་རིག །གང་ཚེ་ལུས་དེ་བོར་བ་ན། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་ནི་མཐར་གྱིས་སངས་རྒྱས་ཉིད། །ངེས་པ་ཁོ་ནར་ཡང་དག་ཐོབ། །ཅེས་དང་། མདོ་སྡེ་སྤྲིན་ཆེན་པོ་མཁས་གྲུབ་ཆོས་རྗེའི་སྟོང་ཐུན་ཆེན་མོར་དྲངས་པ་ལས། གཞོན་ནུ་འདི་ང་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན། ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས། ང་ཡི་བསྟན་པ་རྒྱས་པར་བྱས་ཏེ། མཐར་གྱིས་དང་པོའི་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བའི་རྒྱལ་བར་འགྱུར་རོ། །ཞེས་གསུངས་སོ། །གཞན་ཡང་ལང་གཤེགས་ལས། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཞེས་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་དེས། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་བསྟན་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་དང་། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་ཡ་གྱལ་ཏེ། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན། རྒྱ་གར་ལྷོ་ཕྱོགས་དརྦྷའི་ཡུལ་དུ་བྲམ་ཟེ་ཕུན་སུམ་ཚོགས་པ་ཞིག་གི་ཁྱིམ་དུ་སྐུ་འཁྲུངས། མཚན་མཁན་ལ་བསྟན་པས་ཞག་བདུན་གྱི་ཚེ་ལས་མེད་པར་བཤད། ཅིས་ཕན་དྲིས་པས་བྲམ་ཟེ་བརྒྱ་ལ་མཆོད་སྟོན་དྲངས་ན་ཟླ་བ་བདུན། དགེ་སློང་བརྒྱ་ལ་མཆོད་སྟོན་དྲངས་ན་ལོ་བདུན་ཐུབ། དེ་ནས་ཐབས་མེད་ཟེར། དེ་བཞིན་དུ་བྱས་ཏེ་ལོ་བདུན་ཉེ་བ་ན། ཕ་མ་གཡོག་དང་བཅས་པ་ནཱ་ལེནྜར་སོང་སྟེ། གྲུབ་ཆེན་ས་ར་ཧ་དང་མཇལ། སྔར་གྱི་ལོ་རྒྱུས་ཞུས་པས་རབ་ཏུ་བྱུང་ན་ཐབས་ཡོད་གསུངས་པས་རབ་ཏུ་བྱུང་། ཚེ་དཔག་མེད་འཆི་བདག་འཇོམས་པའི་དཀྱིལ་འཁོར་དུ་དབང་བསྐུར་ནས་གཟུངས་འདོན་དུ་བཅུག ཁྱད་པར་ལོ་བདུན་པའི་ནུབ་མོ་མཚན་ཐོག་ཐག་ཏུ་ཚེ་དཔག་མེད་ཀྱི་གཟུངས་བཏོན་པས་འཆི་བདག་ལ་ཐར་ཏེ་ཕ་མ་དང་ཕྲད་པས་ཤིན་ཏུ་དགའོ། །གྲུབ་ཆེན་ས་ར་ཧ་ལས་གསང་བ་འདུས་པ་ལ་སོགས་པའི་གཞུང་གདམས་པ་དང་བཅས་པ་ཞུས། ནཱ་ལེནྜའི་མཁན་པོ་སྒྲ་གཅན་འཛིན་བཟང་པོ་ལ་མཁན་པོ་ཞུས་ཏེ་བསྙེན་པར་རྫོགས་ཏེ་མཚན་དགེ་སློང་དཔལ་ལྡན་ཞེས་མཚན་གསོལ། བསྟན་བཅོས་ཀྱང་། སངས་རྒྱས་ཀྱི་བསྟན་པ་སྤྱིར་བསྟན་པ་ས་ལུ་ལྗང་པའི་མདོ་འགྲེལ། ལམ་སྟོན་པ་ (དབུ་མ) རིགས་ཚོགས་ལྔ། འབྲས་བུ་སྟོན་པ་བསྟོད་ཚོགས། སྤྱོད་པ་སྟོན་པ་བསླབ་བཏུས། (འདི་བོད་ན་ནི་མི་སྣང་བར་བཤད་དེ། དཔའ་བོ་གཙུག་ལག་ཕྲེང་བའི་སྤྱོད་འཇུག་འགྲེལ་པ་༧༠༤ལས། འཕགས་པའི་བསླབ་བཏུས་དེ་བོད་ན་ནི་མི་སྣང་ངོ་། །ཞེས་གསུངས།) མདོ་ཀུན་ལས་བཏུས་པ། ཐེག་ཆེན་བློ་སྦྱོང་། ཁྱིམ་པ་རྣམས་ལ་བཤེས་སྤྲིངས། བྱང་ཆུབ་སེམས་འགྲེལ། བསྐྱེད་རིམ་སྟོན་པ་འདུས་པའི་སྒྲུབ་ཐབས། མདོར་བྱས། མདོ་བསྲེ། དཀྱིལ་ཆོག་ཉི་ཤུ་པ། རྫོགས་རིམ་སྟོན་པ་རིམ་ལྔ་ལ་སོགས་པ་མཛད། གསོ་བ་རིག་པའི་བསྟན་བཅོས་སྦྱོར་བ་བརྒྱ་པ་སོགས་པ་དང་། ལུགས་ཀྱི་བསྟན་བཅོས་དམངས་ལ་གདམས་པ་སྐྱེ་བོ་གསོ་ཐིག་དང་། བློན་པོ་ལ་གདམས་པ་ཤེས་རབ་བརྒྱ་པ། རྒྱལ་པོ་ལ་ཐེག་ཆེན་གྱི་ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པ་དབུ་མ་རིན་ཆེན་ཕྲེང་བ། གཞན་ཡང་རྟེན་འབྲེལ་གྱི་རྩིས། གསེར་འགྱུར་ལ་སོགས་པ་མང་དུ་བརྩམས་སོ། །སློབ་དཔོན་འདིས་དབུ་མའི་ཚུལ་ལུགས་ལྷག་པར་དར་བར་མཛད། ཉན་ཐོས་པ་རྣམས་ལའང་ཕན་ཆེས་ཆེར་བཏགས། ཁྱད་པར་དགེ་སློང་དང་དགེ་ཚུལ་བསླབ་པ་འཆལ་བ་སྟོང་ཕྲག་བརྒྱད་ཙམ་དགེ་འདུན་གྱི་ནང་ན་དབང་ཆེན་པོར་ཡོད་པ་ཐམས་ཅད་གནས་ནས་བསྐྲད་དེ་བསྟན་པ་ལ་དག་ཐེར་ཆེར་མཛད་ལ། སྡེ་པ་ཀུན་གྱི་བདག་པོ་མཛད་དོ། །སློབ་དཔོན་འདིས་དགེ་འདུན་གྱི་ཞལ་ཏ་ཡང་མཛད། མཆོད་རྟེན་མང་པོ་བཞེངས། རྡོ་རྗེ་གདན་ལ་རྡོའི་དྲ་མིག་གི་རྭ་བས་བསྐོར། དཔལ་འབྲས་སྤུངས་ཀྱི་མཆོད་རྟེན་གྱི་བཀོད་པ་བཞེངས་པ་སོགས་བསྟན་འགྲོའི་བྱ་བ་རྒྱ་ཆེན་པོ་མཛད་དོ། །སྒྲ་བཤད་ནི། ཀླུའི་ཡུལ་དུ་ཕེབས་ཏེ་ཀླུ་རྣམས་ལ་ཆོས་གསུངས་པ་ན་དེ་རྣམས་ཀྱིས་མཆོད་ཅིང་བསྒྲུབས་པས་ཀླུ་སྒྲུབ་བམ། ཡང་ན་ངེས་ཚིག་གི་སྒོ་ནས་བཤད་ན། ནཱ་གཱརྫུ་ནའི་ནཱ་གཱ་ནི་ཀླུ་སྟེ། ཆོས་ཀྱི་དབྱིངས་སུ་སྐྱེས་པ་རྟག་ཆད་གཉིས་ཀྱི་མཐའ་ལ་མི་གནས་པ། གསུང་རབ་རིན་པོ་ཆེའི་བང་མཛོད་ལ་མངའ་བརྙེས་པ། སྲེག་ཅིང་གསལ་བའི་ལྟ་བ་དང་ལྡན་པས་ཀླུའོ། །ཨརྫུ་ན་ནི་སྲིད་སྒྲུབ་སྟེ། ཆོས་ཀྱི་རྒྱལ་སྲིད་སྐྱོང་བ་དང་། ཉེས་པའི་དགྲ་ཚོགས་འདུལ་བས་སྲིད་སྒྲུབ་སྟེ། བསྡུས་པས་ཀླུ་སྒྲུབ་བོ། །ཞེས་བུ་སྟོན་གསུང་ངོ་། །གསུང་སྐྱེས་ཀྱི་སློབ་མ་ཡང་ཆེས་མང་དུ་བྱུང་ཡང་གྲགས་ཆེ་བ་ནི། འཕགས་པ་ལྷ། ཀླུའི་བྱང་ཆུབ། ཤཱཀྱ་བཤེས་གཉེན་གསུམ་ནི་གྲགས་ཆེ་ཤོས་ཡིན་ཞིང་། མ་ཏཾ་གི་ནི་གསང་འདུས་མར་ལུགས་པ་རྣམས་འཕགས་པའི་སློབ་མར་བཞེད། ཟླ་བ་གྲགས་པ་ནི་རྗེ་འགོས་ལ་སོགས་པ་བླ་མ་སྔ་མ་རྣམས་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མར་བཞེད། བོད་ཀྱི་བླ་མ་ཁ་ཅིག་གིས་ཟླ་བ་གྲགས་པས་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞབས་མ་ཟིན་པར་བཞེད་ཀྱང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས། ཟླ་བ་གྲགས་པ་ཀླུ་སྒྲུབ་ཀྱི་སློབ་མར་བཤད་དེ། ཇོ་བོའི་གསུང་སྒྲོས་རྗེའི་ལམ་རིམ་དུ་དྲངས་པ་ལས། ཇོ་བོས། སྟོང་ཉིད་གང་གིས་རྟོགས་ཤེ་ན། དེ་བཞིན་གཤེགས་པས་ལུང་བསྟན་ཅིང་། །ཆོས་ཉིད་བདེན་པ་གཟིགས་པ་ཡི། །ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །དེ་ལས་བརྒྱུད་པའི་མན་ངག་གིས། །ཆོས་ཉིད་བདེན་པ་རྟོགས་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །རྗེ་ཙོང་ཁ་པ་ཆེན་པོས་ཀྱང་ཟླ་བ་གྲགས་པ་སློབ་དཔོན་ཀླུ་སྒྲུབ་མར་ཞལ་གྱིས་བཞེས་པར། རྗེའི་རིམ་ལྔ་གསལ་སྒྲོན་ན་གསལ་ལོ། །སློབ་དཔོན་ཀླུ་སྒྲུབ་མིའི་ཡུལ་དུ་སྐུ་ཚེ་ཇི་ཙམ་བཞུགས་པ་ལ་བཤད་ཚུལ་མི་མཐུན་པ་མང་ནའང་། ལོ་དྲུག་བརྒྱར་བཞུགས་པ་ནི་ལུང་བསྟན་གྱི་མདོ་དང་མཐུན་ཞིང་། བུ་སྟོན་ཐམས་ཅད་མཁྱེན་པ་དང་རྗེ་ཐམས་ཅད་མཁྱེན་པས་ཀྱང་འཐད་ཕྱོགས་སུ་མཛད་པར་ལྕངས་སྐྱ་རོལ་པའི་རྡོ་རྗེས་གསུངས་སོ། །འདིའི་ལོ་རྒྱུས་ཞིབ་པར་བུ་སྟོན་རིན་པོ་ཆེའི་གསང་འདུས་ཆོས་འབྱུང་ལ་གཟིགས།