3232

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློབ་མ
Tibetan Definition (འདུལ་བ) མཁན་མོ་དང་སློབ་དཔོན་མ་དང་དགེ་འདུན་དང་བཅས་པའི་དབུས་སུ་ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་ཏེ། སྔར་བཤད་པའི་དགེ་ཚུལ་མའི་སྡོམ་པ་རྣམ་པར་དག་པ་ཐོབ་པའི་རྗེས་སུ། རྩ་བའི་ཆོས་དྲུག་དང་རྗེས་མཐུན་གྱི་ཆོས་དྲུག་སྟེ་སྤང་བྱ་བཅུ་གཉིས་ལོ་གཉིས་ཀྱི་བར་དུ་སྤོང་བར་ཁས་བླངས་པའི་གང་ཟག་ལ། དགེ་སློབ་མ་ཟེར། རྩ་བའི་ཆོས་དྲུག་ནི། ༡ ཁྲིམས་གྲོགས་མེད་པར་གཅིག་པུ་རུ་ལམ་དུ་འགྲོ་བར་མི་བྱ་བ་དང༌། ༢ ཆུ་བོ་ཆེན་པོའི་ཕ་རོལ་ཏུ་བགྲོད་ཕྱིར་གཅེར་པུར་རྐྱལ་བར་མི་བྱ་བ་དང༌། ༣ སྐྱེས་པ་ལ་ནི་རེག་པར་མི་བྱ་བ་དང༌། ༤ སྐྱེས་པ་དང་ནི་སྟན་ཅིག་ཏུ་འདུག་པར་མི་བྱ་བ་དང༌། ༥ ཕོ་མོ་གཉིས་སྤྲོད་པ་སྨྱན་དུ་འགྱུར་བའི་ལས་ཀྱང་མི་བྱ་ཞིང༌། ༦ ཟླ་མོའི་ཁ་ན་མ་ཐོ་བའམ་ལྟུང་བ་འཆབ་པར་མི་བྱ་བ་དང་དྲུག་གོ །རྩ་བའི་ཆོས་ཞེས་བརྗོད་པའི་རྒྱུ་མཚན་ནི། སྤང་བྱ་གཉུག་མ་ཡིན་པས་རྩ་བའི་ཆོས་ཞེས་བྱའོ། །རྗེས་མཐུན་གྱི་ཆོས་དྲུག་ནི། གསེར་ལ་སོགས་པ་བདག་གིར་གཟུང་བར་ཡང་མི་བྱ་ཞིང༌། འདོམས་ཀྱི་སྤུ་ནི་བྲེག་པར་མི་བྱ་བ་དང༌། བྱིན་ལེན་མ་བྱས་པར་ཟ་བར་མི་བྱ་བ་དང༌། གསོག་འཇོག་བྱས་པ་ཟ་བར་མི་བྱ་བ་དང༌། རྩ་སྔོན་དག་ཀྱང་བཅད་པར་མི་བྱ་ཞིང་མི་གཙང་བ་འདོར་བར་ཡང་མི་བྱ་བ་དང༌། ས་ནི་བརྐོ་བར་མི་བྱ་བ་སྟེ་དེ་དག་ནི་རྗེས་མཐུན་གྱི་ཆོས་ནི་རྣམ་པ་དྲུག་གོ །སྤང་བྱ་གློ་བུར་བ་ཡིན་པས་རྗེས་མཐུན་གྱི་ཆོས་ཞེས་བྱའོ། །རྗེའི་འདུལ་བ་རྒྱ་མཚོའི་སྙིང་པོ་ལས། དགེ་ཚུལ་སྡོམ་པ་ཐོབ་རྗེས་སུ། །རྩ་བའི་ཆོས་དྲུག་རྗེས་མཐུན་གྱི། །ཆོས་དྲུག་སྤོང་བའི་སྡོམ་པ་ནི། །དགེ་སློབ་མ་ཡི་སྡོམ་པ་ཡིན། །གཅིག་པུ་ལམ་དུ་འགྲོ་མི་བྱ། །ཆུ་བོའི་ཕ་རོལ་རྐྱལ་མི་བྱ། །སྐྱེས་པ་ལ་ནི་རེག་མི་བྱ། །སྐྱེས་པ་དང་ནི་འདུག་མི་བྱ། །སྨྱན་དུ་འགྱུར་བ་མི་བྱ་ཞིང༌། །ཁ་ན་མ་ཐོ་འཆབ་མི་བྱ། །དེ་དག་རྩ་བའི་ཆོས་དྲུག་སྤོང༌། །གསེར་ལ་བཟུང་བར་མི་བྱ་ཞིང༌། །འདོམས་ཀྱི་སྤུ་ནི་བྲེག་མི་བྱ། །བྱིན་ལེན་མ་བྱས་ཟ་མི་བྱ། །གསོག་འཇོག་བྱས་པ་བཟའ་མི་བྱ། །རྩྭ་སྔོན་མི་གཙང་འདོར་མི་བྱ། །ས་ནི་བརྐོ་བར་མི་བྱ་བ། །རྗེས་མཐུན་ཆོས་ནི་རྣམ་དྲུག་སྤོང༌། །ཞེས་གསུངས་པ་ལྟར་རོ། །དགེ་སློབ་མ་ལ་སྤང་བྱའི་གཙོ་འཁོར་ཐམས་ཅད་བསྡོམས་ན་སྤང་བྱ་ཉི་ཤུ་རྩ་གཉིས་ཡོད་པ། དགེ་སློབ་མའི་སྤང་བྱ་ཉི་ཤུ་རྩ་གཉིས་ཞེས་པའི་ཐད་དུ་གཟིགས།