3261

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགྱེས་པ་རྡོ་རྗེ
Tibetan Definition <ཧེ་བཛྲ> ཀྱེ་རྡོ་རྗེ། དགྱེས་པ་རྡོ་རྗེ། རོལ་པའི་རྡོ་རྗེ་ཞེས་མཚན་མི་འདྲ་བ་གསུམ་འབྱུང་བ་ནི། སྐད་དོད། ཧེ་བཛྲ་ལ། དོན་མི་འདྲ་བ་གསུམ་དང་། དེ་ལ་བརྟེན་ནས་འགྱུར་མི་འདྲ་བ་གསུམ་བྱུང་བའི་གནད་ཀྱིས་ཡིན་ཏེ། དེ་ཡང་ཧེ་ནི། འབོད་ཅིང་བསྐུལ་བའམ། དགྱེས་པའི་དོན་དུ་བསྒྱུར་ཞིང་། ཡང་ན། ཧེ་ལ་ལ་བསྣན་པས་ཧེ་ལ་རོལ་པ་སྟེ་སེམས་ཅན་གྱི་དོན་ལ་རོལ་པའི་སྐུར་སྟོན་པས་ན་རོལ་པ་ཞེས་སྒྲ་འཇུག་པར་བཤད། ལྷའི་ཞལ་ཕྱག་གི་གྲངས་དང་སྐུ་མདོག་ཕྱག་མཚན་སོགས་ཀྱི་ཁྱད་པར་ནི། སྐུ་མདོག་མཐིང་ག་ཞལ་བརྒྱད་ཕྱག་བཅུ་དྲུག །རྩ་ཞལ་མཐིང་ག་གཡས་སྔོ་གཡོན་དམར་ཞིང་། །གཡས་གཡོན་ལྷག་མ་གཉིས་གཉིས་ནག་པོ་སྟེ། །སྟེང་ཞལ་དུད་ཁ་ཞལ་རྣམས་སྤྱན་གསུམ་པ། །བཅུ་དྲུག་ཕྱག་གིས་ཐོད་པ་གཟུང་བའི་ནང་། །གཡས་ན་གླང་ཆེན་རྟ་བོང་གླང་རྔ་མོང་། །མི་དང་ཤ་ར་བྷ་དང་བྱི་ལ་དང་། །གཡོན་ན་ས་ཆུ་རླུང་མེ་ཟླ་ཉིའི་ལྷ། །གཤིན་རྗེ་གནོད་སྦྱིན་བསྣམས་ཤིང་རྩ་ཕྱག་གཉིས། །སྐུ་གདོག་སྔོན་པོ་ཕྱག་གཉིས་གྲི་ཐོད་དང་། །ཁ་ཊཱཾ་འཛིན་ཅིང་ཞབས་གཡས་ཡབ་ལ་འཁྲིལ། །གཡོན་པ་བརྐྱང་ཞིང་ཕྱག་རྒྱ་ལྔ་ཡིས་བརྒྱན། །སྟག་ཤམ་གསོལ་བའི་བདག་མེད་མ་ལ་འཁྱུད། །དབུ་སྐྲ་གྱེན་བརྫེས་སྣ་ཚོགས་རྡོ་རྗེས་མཚན། །ཐོད་པ་སྐམ་རློན་ཕྱག་རྒྱ་དྲུག་གིས་བརྒྱན། །ཞབས་བཞི་མདུན་མ་གཡས་བརྐྱང་གཡོན་བསྐུམ་ཞིང་། །རྒྱབ་མ་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས། །སྣ་ཚོགས་པད་ཉིའི་སྟེང་དུ་བདུད་བཞི་ཡི། །ངོ་བོ་ཚངས་པ་དབང་པོ་ཉེ་དབང་དང་། །དྲག་པོ་གན་བརྐྱལ་བསྒྱེལ་བའི་སྟེང་བཞུགས་པའི། །དགྱེས་པ་རྡོ་རྗེ་ཡབ་ཡུམ་ལ་ཕྱག་འཚལ། །ཨོཾ་དེ་བ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱཧཱ། །ནི་སྙིང་པོའོ། །ཞེས་གསུངས་པ་ལྟར་རོ། །དགྱེས་རྡོར་གྱི་འཁོར་གྱི་ལྷ་མོ་བརྒྱད་ནི། ༡ གཽ་རཱིའམ་དཀར་མོས་རི་དྭགས་རི་བོང་གི་མཚན་མ་ཅན་ཟླ་བས་སྒྲས་བསྟན་པའི་བྱང་སེམས་དཀར་པོས་གང་བའི་ཐོད་པ་འཛིན་པ། ༢ ཙཽ་རཱི་སྟེ་ཆོས་རྐུམ་མས་མུན་པའི་བདུད་ལས་རྒྱལ་བ་ཉི་མའི་སྒྲས་བསྟན་པའི་བྱང་སེམས་དམར་པོས་གང་བའི་ཐོད་པ་འཛིན་པ། ༣ བཻ་ཏཏ་ལཱི་སྟེ་རོ་ལངས་མས་དྲི་ཆུས་གང་བའི་ཐོད་པ་འཛིན་པ། ༤ གྷསྨ་རཱི་སྟེ་ཟ་ཕོད་མས་སྨན་གྱིས་སྒྲས་བསྟན་པའི་ཤ་ལྔས་གང་བའི་ཐོད་པ་འཛིན་པ། ༥ པུཀྐ་སཱི་སྤོས་མས་རྡོ་རྗེའི་སྒྲས་བསྟན་པའི་དྲི་ཆེན་གྱིས་གང་བའི་ཐོད་པ་འཛིན་པ། ༦ ཤ་ཝ་རཱི་སྟེ་རི་ཁྲོད་མས་སྦྲང་ཆང་གིས་གང་བའི་ཐོད་པ་འཛིན་པ། ༧ ཙཎྜ་ལཱི་སྟེ་གདོལ་མོའམ་གཏུམ་མོས་ཅང་ཏེའུ་རྡུང་བར་བྱེད་པ། ༨ ཌོམྦྷི་ནཱི་སྟེ་གཡུང་མོས་གཙོ་བོའི་སྐུ་འཁྱུད་དེ་བདེ་སྟོང་སྐྱེད་པ་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཆོད་པར་བྱེད། དགྱེས་རྡོར་གྱི་རྒྱུད་ནི་འབྲས་བུའི་ཧེ་རུ་ཀ་མི་བསྐྱོད་དགྱེས་པ་རྡོ་རྗེར་བཞེངས་པས་རྒྱུད་བསྟན་པ་སྟེ། ཕྱག་ནི་བཅུ་དྲུག་ཞབས་བཞི་པ། །ཞེས་སོགས་གོང་དུ་བཤད་པ་བཞིན་ནོ། །ཆོས་ནི། རྒྱས་པ་འབུམ་བདུན། འབྲིང་འབུམ་ལྔ། བསྡུས་པ་བརྟག་གཉིས་ཏེ་རྩ་བའི་རྒྱུད། རྒྱུད་ཕྱི་མ་ཕྱག་ཐིག་ཕྱི་མའི་ཕྱི་མ་ཡེ་ཤེས་སྙིང་པོ་ཡེ་ཤེས་ཐིག་ལེ་བཤད་རྒྱུད་སྙིང་པོའི་རྒྱུད། གྲུབ་པ་ངེས་བསྟན་འབྲས་བུའི་རྒྱུད་དེ་ཁོ་ན་ཉིད་ཀྱི་སྒྲོན་མེ་རྣམས་ལས་རྩ་རྒྱུད་རྒྱས་པ་འབུམ་བདུན་དང་འབྲིང་འབུམ་ལྔའི་བརྟག་པ་ཕྱི་མ་རྣམས་དང་གྲུབ་པ་ངེས་བསྟན་བོད་དུ་མ་འགྱུར་ལ། གཞན་རྣམས་དང་ཐུན་མོང་མ་ཡིན་པའི་བཤད་རྒྱུད་རྡོ་གུར་དང་བཅས་པ་ཕེབས་སོ། །བརྟག་གཉིས་འདི་མིང་མཐུན་དུ་འདོད་པ། རྩ་རྒྱུད་བསྡུས་པར་འདོད་པ། ཕྱུང་བའི་རྒྱུད་དུ་འདོད་པ་སྟེ་གསུམ་ལས་རྡོ་རྗེ་སྙིང་འགྲེལ་དུ་རྩ་རྒྱུད་བསྡུས་པར་བཤད་པ་ལ་རིན་ཆེན་རྒྱན་འདྲར་དེ་བཀའ་ནས་ཕྱུང་རྒྱུད་དུ་འཆད་མོད་ཀྱང་འབུམ་ལྔའི་བརྟག་པ་དང་པོ་གཉིས་བརྟག་པ་སུམ་ཅུ་པོའི་མདོར་བསྟན་ནམ་དོན་བསྡུར་གནས་པས། རྡོ་རྗེ་སྙིང་པོ་མངོན་བྱང་ཆུབ། །བརྟག་པའི་རྒྱལ་པོ་དང་པོ་སྟེ། །སྒྱུ་མའི་བརྟག་པ་གཉིས་པ་ཡིན། །ཞེས་པ་ལྟར་བརྟག་པ་དང་པོ་གཉི་ག་ཕྱུང་བ་ཡིན་ལ། ཡེ་ཤེས་ཐིག་ལེར་རྩ་རྒྱུད་བརྟག་གཉིས་མ་བཤད་པའང་འབུམ་ལྔ་བཤད་པས་ཟློས་པ་སྤོང་བའི་ཕྱིར་ཡིན་ལ། གོང་དུ་བརྟག་པ་གཉིས་པར། རྒྱས་པར་གསུངས་པ་མདོ་རུ་བསྡུ། །ཞེས་དང་། ཅི་གསུངས་སྦྱིན་སྲེག་བྱས་ནས་ནི། །ཞེས་པ་ནི་བར་འབུམ་བདུན་དུ་བསྟན་པ་བཞིན་ཞེས་པ་སྟེ་རྩ་རྒྱུད་བསྡུས་པ་ཡིན་པས་རྡོ་རྗེ་སྙིང་འགྲེལ་དང་མི་འགལ་ཞིང་ལེའུ་དང་པོ་གཉིས་ཕྱུང་བ་ཡིན་པས་ན་རོ་ཡབ་སྲས་ཀྱི་བཞེད་པ་གྲུབ་བོ་ཞེས་ཁོ་བོ་ (དཔའ་བོ་གཙུག་ལག་ཕྲེང་བ) སེམས་སོ། ། (རྗེ་ཙོང་ཁ་ཆེན་པོའི་བཞེད་པ་ལྟར་ན) རྒྱུད་བརྟག་པ་གཉིས་པ་འདི་ལ། རྒྱ་གར་དུ་རྒྱུད་རྒྱས་པ་ལས་ཕྱུང་བར་བཞེད་པ་དང་། རྒྱུད་ལོགས་པ་བསྡུས་རྒྱུད་དུ་འདོད་ཚུལ་གཉིས་འབྱུང་ཡང་། རྗེ་བདག་ཉིད་ཆེན་པོས་ནི། འདི་རྒྱུད་ལོགས་པ་བསྡུས་རྒྱུད་ཡིན་པར་བརྟག་གཉིས་ཀྱི་ཟིན་བྲིས་ལས་གསུངས་ཏེ། དེ་ཉིད་ལས། དེས་ན་བརྟག་པ་སོ་གཉིས་པ་ལས་ཕྱུང་ཞེས་པའི་དོན་ནི། རྒྱུད་རྒྱས་པ་དེ་ལས་བསྡུས་ནས་གསུངས་པའི་བསྡུས་རྒྱུད་ཡིན་པ་ལ་དགོངས་སོ། །ཞེས་གསུངས། རྡོ་རྗེ་སྙིང་འགྲེལ་དང་། སྤྱད་དཀའ་ཟླ་བའི་འགྲེལ་པ་སུ་མུ་དེ་དང་། ཤཱནྟི་པའི་མེ་ཏོག་ཕྲེང་བ་སོགས་རྩ་རྒྱུད་ཀྱི་འགྲེལ་པ་བཅུ་གསུམ་ཙམ་དང་། ཨིནྡྲ་བྷཱུ་ཏིའི་གུར་གྱི་དཀའ་འགྲེལ་སོགས་དགྱེས་རྡོར་གྱི་རྒྱུད་འགྲེལ་རྒྱ་གཞུང་པོ་ཏི་བཅུ་གཉིས་ཙམ་བཞུགས་ལ་བོད་དུའང་ས་རྔོག་གཉིས་སོགས་སྒོ་དུ་མ་ནས་དར་རོ། །རྗེ་ཙོང་ཁ་པ་ཆེན་པོའི་བརྟག་གཉིས་ཀྱི་གསུང་ཟིན་བྲིས་དང་། ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་གྱི་ལྷ་མང་པོའི་སྐུ་མདོག་ཕྱག་མཚན་སོགས་གསལ་བར་བཀོད་པ་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་། དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཀྱི་གསུང་ལ་གཞི་བྱས་ཏེ་བཀོད།