333

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀླུའི་བྱང་ཆུབ
Tibetan Definition <ནཱ་གཱ་བོ་དྷི> ཀླུའི་བློ་ཡང་ཟེར། སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་ཀླུའི་བྱང་ཆུབ་ནི། ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ལ་མཁས་པ། ཡི་དམ་གྱི་ལྷའི་ཞལ་གཟིགས་ཤིང་དངོས་གྲུབ་བརྙེས་པས། དེང་སང་གི་བར་དུ་ཡང་ལྷོ་ཕྱོགས་དཔལ་གྱི་རི་ལ་བཞུགས་པར་གྲགས། བསྟན་བཅོས་ཀྱང་། གསང་འདུས་ཀྱི་དཀྱིལ་ཆོག་དང་རིམ་ལྔའི་འགྲེལ་པ་ལ་སོགས་པ་མང་དུ་མཛད། གྲུབ་ཆེན་བརྒྱུད་ཅུའི་གསོལ་འདེབས་ལས། བ་ལང་སྐྱོང་བཞིན་དངོས་གྲུབ་བརྙེས། །ལུས་མཆོག་དཔལ་གྱི་རི་ལ་བཞུགས། །ནཱ་གཱ་བོ་དྷི་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །ཅུང་ཟད་ཞིབ་པར་བཤད་ན། ཀླུའི་བྱང་ཆུབ་ནི་སྔར་གྱི་སློབ་མ་རྒན་པོ་དེ་ཤི་འཕོས་ནས། མ་ཧེ་སྐྱོང་བའི་བུ་ཞིག་ཏུ་སྐྱེས་ཏེ། ཆེར་སྐྱེས། མ་ཧེ་སྐྱོང་བའི་དུས་སུ་སྔར་གྱི་བག་ཆགས་ཀྱིས་སློབ་དཔོན་ཀླུ་སྒྲུབ་ཀྱི་སྤྱན་སྔར་འོངས་ཏེ། གྲུབ་པ་ང་སྐྱོ་བས་ཅིག་སློབ་དང་ཟེར། མ་ཧེ་ལྷར་བསྒོམ་དུ་བཅུག །ལོ་འགའ་ནས། དྲུང་དུ་བྱུང་། ད་ངའི་རྭ་འདི་སྒོ་ལ་རྡུགས་ཀྱིན་མི་བདེ་ཟེར། ད་སྒོམ་དེ་དོར་ལ། མདུན་དུ་མི་དཀར་པོ་གཅིག་སྒོམས་བྱས། དེ་ལྟ་བུ་གསལ་བར་བྱུང་སྟེ། དངོས་གྲུབ་གང་འདོད་དྲི། གྲུབ་པ་ལ་དྲི་ཡི་བྱས། འདི་ལྟར་བྱུང་བས་ཇི་སྐད་བྱ་ཟེར། ཁྱེད་རང་ངའི་སྙིང་ལ་ཞུགས་ཀྱིས་གསུངས། དེ་སྐད་བྱས་པ་ཙམ་གྱིས་རང་ལ་ཐིམ། ཆོས་ལ་ཆོས་ཀྱི་སྤྱན་རྣམ་པར་དག །དེ་ནས་རབ་ཏུ་བྱུང་སྟེ། མཚན་ཀླུའི་བྱང་ཆུབ་བམ་ཀླུའི་བློར་བཏགས་ལ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་བཅུག །དབང་བསྐུར་རྒྱུད་བཤད། གདམས་པ་དང་རྗེས་སུ་བསྟན་པ་གནང་། དེས་དཀྱིལ་འཁོར་གྱི་ཆོ་ག་ཉི་ཤུ་པ། བསྐྱེད་རིམ་གཏན་ལ་འབེབས་པ་རྣམ་གཞག་རིམ་པ། རྫོགས་རིམ་སེམས་དབེན་གཏན་ལ་འབེབས་པ་ལས་མཐའ་འབྱེད། རིམ་ལྔའི་དོན་བསྡུས་ཀྱི་འགྲེལ་པ་ཁོངས་སུ་བསྡུ་བ་རྣམས་མཛད་དོ། །རིམ་ལྔའི་འགྲེལ་ཆེན་རིམ་པ་གསལ་བ་དང་། འགྲེལ་པ་དོན་གསལ་བ་གཉིས་མཛད་ཟེར་ཏེ། མི་བདེན་པ་འདྲའོ། །དེ་ནས་དཔལ་གྱི་རི་ལ་གཤེགས་ཏེ། དེང་སང་གི་བར་དུའང་བཞུགས་སོ། །