3344

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔག་བསམ་གྱི་ཤིང
Tibetan Definition <ཀལྤ་བྲཀྵ> དགོས་འདོད་ཐམས་ཅད་དཔག་པ་དང་བསམ་པ་ཙམ་གྱིས་སྟེར་བའི་རིན་པོ་ཆེའི་རིགས་ཀྱི་ལྷ་ཡུལ་གྱི་ཤིང་ཞིག རི་རབ་ཀྱི་རྩེ་མོའི་དབུས་ན་གྲོང་ཁྱེར་བལྟ་ན་སྡུག་ཅེས་བྱ་བ་ཡོད་ལ། དེའི་ཕྱི་རོལ་གྱི་བྱང་ཤར་གྱི་མཚམས་ན་དཔག་བསམ་གྱི་ཤིང་ཡོངས་འདུ་ས་བརྟོལ་ཞེས་བྱ་བ་འདི་ཡོད་དེ། མཛོད་རང་འགྲེལ་ལས། ཤིང་ས་བརྟོལ་ཡོངས་འདུ་ཞེས་བྱ་བ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་འདོད་པའི་དགའ་བ་མཆོག་གི་གནས་ཤིག་ཡོད་དེ། དེའི་རྩ་བ་ནི་དཔག་ཚད་ལྔ་བཅུ་ཟུག་གོ། གནམ་འཕང་དུ་ནི་དཔག་ཚད་བརྒྱ་འཕགས་སོ། །ཡལ་ག་དང༌། འདབ་མ་དང༌། ལོ་མ་ནི་དཔག་ཚད་ལྔ་བཅུར་ཁྱབ་པར་གནས་སོ། །དེའི་མེ་ཏོག་དང༌། འདབ་མ་ཐམས་ཅད་རྒྱས་པའི་དྲི་ངད་རྫི་ཕྱོགས་སུ་ནི་དཔག་ཚད་བརྒྱར་ལྡང་ངོ༌། །རྫི་ཕྱོགས་མ་ཡིན་པར་ནི་དཔག་ཚད་ལྔ་བཅུར་ལྡང་ངོ༌། །ཞེས་གསུངས་པ་ལྟར་རོ། །ཤིང་འདིའི་རྩ་བ་གསེར། སྡོང་པོ་དངུལ། ཡལ་ག་བཻཌཱུརྱ། ལོ་མ་ཤེལ། འདབ་མ་སྤུག མེ་ཏོག་མུ་ཏིག་དམར་པོ། འབྲས་བུ་རྡོའི་སྙིང་པོ་སྟེ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ། རྩ་བ་སོགས་བདུན་ཚན་བདུན་ཚན་དུ་ཡོད་པ། ཡིད་བཞིན་གྱི་ནོར་བུ་ལྟར་དགོས་འདོད་ཐམས་ཅད་དཔག་པ་དང་བསམ་པ་ཙམ་གྱིས་འབྱུང་བ། ཡལ་ག་སོགས་བསྐྱོད་པའི་སྒྲ་ལས་མི་རྟག་པ་དང་བདག་མེད་སོགས་ཆོས་ཀྱི་སྡོམ་བཞིའི་སྒྲ་འབྱིན་པའོ་ཞེས་ཀྱང་གཞུང་གཞན་དུ་སྣང་ངོ༌། །