3348

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔང་སྐོང་ཕྱག་རྒྱ་པ
Tibetan Definition མདོ་འདི་བོད་དུ་དམ་པའི་ཆོས་འབྱུང་བའི་སྔ་ལྟས་སུ་བོད་རྒྱལ་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་རིང་ལ་ཕོ་བྲང་ཡུམ་བུ་བླ་སྒང་གི་སྟེང་དུ་ནམ་མཁའ་ནས་བབས་པར་གྲགས་པའི་མདོ་སྡེ་དེ་ཡིན་ལ། འདི་ལ་ཤོག་ལྡེབས་དཔེ་རིང་ལྔ་༥ལྷག་ཙམ་དང་ངོས་ཤོག་བཅུ་ལྷག་ཙམ་ཞིག་ཡོད། འདི་ལ་མདོ་སྡེ་གཞན་དག་ལྟར་འགོར་རྒྱ་སྐད་སྨོས་པ་དང་། མཇུག་ཏུ་འགྱུར་བྱང་སོགས་མི་སྣང་། འོན་ཀྱང་འདི་ཐུ་མི་སཾ་བྷོ་ཊའི་འགྱུར་ཡིན་པར་བཀའ་འགྱུར་དཀར་ཆག་ཏུ་གསལ་ལོ། །འདིའི་བརྗོད་བྱ་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་དེ་ཡིན། དེ་ཡང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་བ་དང་། དམ་པའི་ཆོས་ལ་ཕྱག་འཚལ་བ། བྱང་ཆུབ་སེམས་དཔའི་དགེ་འདུན་དང་། ཉན་ཐོས་ཀྱི་དགེ་འདུན་རྣམས་ལ་ཕྱག་འཚལ་བ། སྡིག་པ་བཤགས་པ། བསྔོ་བ་དང་སྨོན་ལམ་བཅས་ནི་འདིའི་བརྗོད་བྱའོ། །འདི་སྡེ་དགེ་སྤར་མའི་མདོ་སྡེ་༼ ཡ་པ ༽ཤོག་ལྡེབས་དང་པོ་ནས་དྲུག་པའི་བར་བཞུགས་ཤིང་། གཟུངས་བསྡུས་ཀྱི་ནང་དུའང་བཞུགས་སོ། །དཔེ་འགའ་ཞིག་ན་སྤང་སྐོང་ཕྱག་བརྒྱ་པཞེས་ཀྱང་སྣང་ཡང་དཔང་སྐོང་ཕྱག་བརྒྱ་པ་ཞེས་བྱ་བ་དག་པར་སེམས་སོ། །ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་རིང་ལ་ཕོ་བྲང་ཡུམ་བུ་བླ་སྒང་གི་སྟེང་དུ་ནམ་མཁའ་ནས་ཟ་མ་ཏོག་ཅིག་བབས་པ་ཁ་ཕྱེ་བའི་ནང་། གོང་གི་མདོ་སྡེ་དེ་དང་། མདོ་སྡེ་ཟ་མ་ཏོག སྙིང་པོ་ཡི་གེ་དྲུག་མ། གསེར་གྱི་མཆོད་རྟེན་ཁྲུ་གང་བ། ཙིནྟ་མ་ཎིའི་སཱཙྪའི་བརྐོས་ཕོར། (ཙིནྟ་མ་ཎིའི་སཱཙྪའི་བརྐོས་ཕོར་ཞེས་བྱ་བ་ནི། བཅུ་གཅིག་ཞལ་ཡིད་བཞིན་ནོར་བུའི་གཟུངས་ཀྱི་བརྐོས་ཕོར་ཞེས་སཱཙྪ་སྤར་འདེབས་བྱེད་ཅིག) མུ་དྲའི་ཕྱག་རྒྱ་ (ཞེས་ཚད་ཁྲུ་གང་ཙམ་གྱི་ནོར་བུའི་རིགས་ཀྱི་རྡོ་ལ་ཡིག་དྲུག་རང་བྱོན་ཡོད་པ) རྣམས་བྱུང་ནས་བོད་དུ་དམ་པའི་ཆོས་ཀྱི་དབུ་བརྙེས། དེའི་རྨི་ལམ་དུ་མི་རབས་ལྔ་ (ཆོས་རྒྱལ་སྲོང་ཙམ་སྒམ་པོའི་དུས) ན་འདིའི་དོན་ཤེས་པ་འབྱུང་ཞེས་ལུང་བསྟན་ཏོ། །སྤང་སྐོང་ཕྱག་བརྒྱ་པ་དང་། སྤང་སྐོང་ཕྱག་རྒྱ་པ་ཞེས་བས་ཕུལ་མེད་པ་གཉིས་འབྱུང་ལ། བོད་རྒྱ་ཚིག་མཛོད་ཆེན་མོར་བས་ཕུལ་ཡོད་པར་བྱས་འདུག བཅོམ་ལྡན་རིག་རལ་གྱིས་སྤང་ཀོང་ཕྱག་རྒྱ་པ་བྲིས་སོ། །སྒྲ་བཤད་ནི།དཔངནི་དཔང་པོ་སྟེ་སྐྱབས་གནས་དཀོན་མཆོག་གསུམ་ལ་གོ་ལ།སྐོངནི་སྐོང་བ་སྟེ་སྤྱན་དྲངས་པའི་དོན་ཡིན།ཕྱག་བརྒྱ་པནི་ཕྱག་མང་པོ་འཚལ་བ་དང་ལྡན་པ་ཞེས་པའི་དོན་ཡིན། མདོར་ན། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ལ་སོགས་པ་སྐྱབས་གནས་དཀོན་མཆོག་གསུམ་པོ་སྤྱན་དྲངས་ནས། དེ་དག་ལ་གུས་པ་ཆེན་པོས་ཕྱག་གྲངས་མེད་འཚལ་བ་བརྗོད་བྱར་བྱེད་པས་ན་དེ་སྐད་ཅེས་བཏགས་པར་སྙམ་ཡང་དཔྱད་དོ། །བཅོམ་ལྡན་རིག་རལ་གྱི་€བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད༡༨ན༣ལས་འདི་ཐེག་དམན་གྱི་སྣོད་དུ་བཤད་དོ། །