3378

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན
Tibetan Definition རྒྱ་གར་ལྷོ་ཕྱོགས་ Andhra Pradesh ཞེས་པའི་མངའ་སྡེའི་ཁུལ་དུ་ཡོད་པའི་Guntur ཞེས་པའི་གྲོང་ཁྱེར་གྱི་ཉེ་འདབས་ཀྱི་གྲོང་ཁྱེར་ཆུང་ངུ་ Amravati ཞེས་བྱ་བའམ་ཤྲཱི་དྷཱ་ན་ཀ་ཊ་ཀ་འདི་སྔོན་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་ཐོག་མར་གསུངས་པའི་གནས་ཡིན་ཞིང་། དེ་ནས་མེ་ལེ་བཅོ་ལྔ་ཙམ་ཆུ་འགྲམ་ཕྱོགས་སུ་སོང་ན་ན་གརྫུ་ན་ཀོ་ཊཞེས་བྱ་བ་ལྷོ་ཕྱོགས་དཔལ་གྱི་རི་ཀླུ་སྒྲུབ་ཡབ་སྲས་བཞུགས་ས་དེར་སླེབས། དེར་མཇལ་རྒྱུ་ཡང་མང་པོ་ཡོད། དུས་འཁོར་རྩ་རྒྱུད་འདི་སྟོན་པས་བྱ་རྒོད་ཕུང་པོའི་རི་ལ་ཤེར་ཕྱིན་གྱི་མདོ་སྡེ་གསུངས་པ་དང་དུས་མཉམ་དུ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་རྫུ་འཕྲུལ་གྱིས་བྱོན་ནས་དུས་འཁོར་རྩ་རྒྱུད་གསུངས་པ་ཡིན་ཏེ། དུས་འཁོར་རྩ་རྒྱུད་ལས། མཆོད་རྟེན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་སྔགས་ཚུལ་གསུངས་པ། །ཞེས་གསུངས་པ་ལྟར་རོ། །ཕྱི་ལོ་༢༠༠༦།༡།༢ནས༡༥བར་ཉིན་བཅུ་གསུམ་རིང་༧གོང་ས་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་བསྟན་འཛིན་རྒྱ་མཚོ་མཆོག་ནས་འཛམ་གླིང་གི་ཡུལ་གྲུ་མཐའ་དག་ནས་ཕྱོགས་འདུས་ཀྱི་དད་ལྡན་འབུམ་ཕྲག་བརྒལ་བར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དང་། དེའི་སྔོན་འགྲོའི་གསུང་ཆོས་སོགས་ཀྱིས་དེར་འཁོད་ཀྱི་སྐྱ་སེར་མི་དམངས་རྣམས་ཆོས་ཀྱི་དགའ་སྟོན་གྱིས་ཚིམ་པར་མཛད་ཅིང་མཐོ་རིས་དང་ཐར་པའི་ས་བོན་གྲུང་པོ་ཐེབས་པར་མཛད་པ་སོགས་གནས་དེར་སྔོན་ལོ་རྒྱུས་ནང་བྱུང་མ་མྱོང་བ་ལྟ་བུའི་སྐལ་བཟང་གི་དུས་ཚོད་ཅིག་ཤར་བར་གྱུར་ཏོ།། ཡང་སྔོན་གྱི་ལོ་རྒྱུས་རྙིང་པ་རྣམས་སུ་རྒྱ་གར་ཤར་ཕྱོགས་བྷང་ག་ལ་ཡི་ལྷོ་ཕྱོགས། རྒྱ་གར་རྒྱ་ནག་འདབས་འབྲེལ་བའི་རྒྱ་གར་ཕྱོགས་ཀྱི་རྒྱ་མཚོ་ས་བཅད་པའི་གླིང་ཕྲན་ཕལ་སྐད་དུ་ཨསྟུ་ཀ་ཡཟེར་ཞིང་། (ཆོས་འབྱུང་མཁས་པའི་དགའ་སྟོན་ལས། རྒྱ་གར་ལྷོ་ཕྱོགས་འགྲོ་ལྡིང་བའི་ཡུལ་ཟད་མཚམས་གངྒཱ་དང་སཱི་ཏ་རྒྱ་མཚོར་འདྲེ་བའི་བར་ན་ཤྲཱི་དྷཱ་ན་ཀ་ཊ་ཀ་ཅེས་པ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཡོད་དེ། ཞེས་ཀྱང་སྣང་ངོ) གྲོང་ཁྱེར་དཔལ་ཡོན་ཅན་ཞེས་པ་ཤིན་ཏུ་ཆེན་པོ་ནི། སྔོན་སངས་རྒྱས་གསེར་ཐུབ་འཇིག་རྟེན་དུ་བྱོན་པའི་དུས་སུ། མུ་གེས་ཉམ་ཐག་པའི་སེམས་ཅན་ལ་ཕན་པའི་ཕྱིར་ཉིན་ལམ་བཅུ་གཉིས་ཀྱི་སར་འབྲས་སོ་བའི་ཆར་པ་དགེ་སློང་ཞིག་གིས་ཕབ་ནས་སེམས་ཅན་ཚིམ་པར་བྱས། འབྲས་ལྷག་རྫུ་འཕྲུལ་གྱིས་བསྡུས་ཏེ། མཆོད་རྟེན་ཆེན་པོ་ཞིག་བཞེངས་པས་དེ་སྐད་ཅེས་གྲགས་སོ། །འདི་སྐོར་ཟུར་ཙམ་ཞིག་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཡའ་སེལ་༣༣ན༢ན་གསལ་ལོ། །