346

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁ་གསག
Tibetan Definition <ལ་པ་ནཾ> རྙེད་བཀུར་གྱི་དོན་དུ་གཞན་མགུ་བའི་ཚིག་སྨྲ་བའོ། །ཅུང་ཟད་ཞིབ་པར་བཤད་ན། རྙེད་བཀུར་གྱི་ཆེད་དུ་དངོས་ཡོད་དང་མི་མཐུན་པའི་ངོ་བསྟོད་ཀྱི་བརྫུན་ཚིག་སྨྲ་བའི་དོན་ནོ། །གཞན་མགུ་བའི་སྐད་དོད་དེ་བྱེ་བྲག་རྟོགས་བྱེད་ཆེན་པོ་༤༧བ༢ན་གསལ། ཞིབ་པར་བཤད་ན། ལོག་འཚོ་ལྔའི་གཉིས་པ་སྟེ། རྙེད་བཀུར་གྱི་ཆེད་དུ་གཞན་གྱི་མདུན་དུ་ཚིག་སྙན་པོ་སྨྲ་བའོ། །དབུ་མ་རིན་ཆེན་ཕྲེང་བ་ལས། ཁ་གསག་རྙེད་དང་བཀུར་སྟིའི་ཕྱིར། །ཚིག་འཇམ་ (ཁ་སྙན་པའོ) སྔར་ (འདིའི་སྔར་ཞེས་པ་ནི་སྔོན་ལའམ་དང་པོར་རམ་གཙོ་བོར་ཞེས་པའི་དོན་ཡིན། རྙེད་བཀུར་ལ་ཧ་ཅང་ཆགས་ནས་སྐད་ཆ་བཤད་མ་ཐག་གམ་དང་པོ་ཉིད་ནས་ཁ་སྙན་པོ་སྨྲ་བའམ། ཡང་ན་གཞན་མགུ་བ་གཙོ་བོར་བཟུང་སྟེ་ཁ་སྙན་པོ་གཙོ་བོར་སྨྲ་བ་ཞེས་པའི་དོན་ཏེ། རིན་ཆེན་ཕྲེང་བའི་རྒྱ་ཆེར་བཤད་པ་༡༦༢ན༦ལས། ཚིག་འཇམ་པ་ནི་ཁ་སྙན་པའོ། །དེ་སྔར་སྨྲ་བ་ནི་ཇེ་སྨྲ་བའམ། གཙོར་བྱེད་པའོ། །ཞེས་གསུངས་སོ) ནི་སྨྲ་བའོ། །ཞེས་གསུངས་པ་ལྟར་རོ། །འདིའི་ཐད་ཀྱི་རིན་ཆེན་དར་ཊཱིཀ་ལས། ཁ་གསག་ནི། རྙེད་པ་དོན་དུ་གཉེར་བས་ཀུན་ནས་བསླངས་ནས། ཁོ་བོ་ཐག་རིང་པོ་ནས་ཁྱོད་ཀྱི་ཐད་དུ་འོངས་སོ་ཁོ་བོ་འདིར་གནས་པ་ཡང་ཁྱོད་ཀྱི་དོན་ཡིན་ནོ། །ཁྱེད་ནི་ངའི་ཕ་དང་འདྲ་བས་ང་ལ་སྦྱིན་པར་བྱ་ལ། ངེད་ཀྱིས་ཀྱང་ཁྱེད་ལ་སྦྱིན་ནོ་ཞེས་ངོར་བསྟོད་པའི་ཀུན་ཏུ་སྨྲ་བའོ། །ཞེས་གསུངས་སོ། །དེ་ལ་དབྱེ་ན་གསུམ་སྟེ། འདུལ་བ་ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། ཁ་གསག་ནི་རྣམ་པ་གསུམ་སྟེ། རྙེད་པ་དང་བཀུར་སྟིའི་བསམ་པ་ཅན་གྱིས་སྙན་པར་སྨྲ་བ་དང་། བདག་གི་ཡོན་ཏན་བརྗོད་པ་དང་། ཆོས་སྨྲ་བའོ། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། ཚིག་རྫུན་མ་ཞེས་པ་སྟེ་དེ་ཡང་ཁ་ནི་འདིར་ཚིག་གམ་སྐད་ཆའི་དོན་ཏེ། དཔེར་ན་མི་ཿཿསྐད་ཆཿཿམང་བ་ལ། མི་ཿཿཁཿཿམང་པོ་ཞེས་པ་ལྟ་བུ། གསག་དང་གསོག་དང་གསོབ་རྣམས་ནི་བརྫུན་ནམ་རྫུན་མའི་དོན་ཡིན་པར་སེམས་ཏེ། འདུལ་བ་ལུང་གཞི་ལས། གསོབ་གསོག་བརྫུན་དུ་སྨྲ་བ་ཞེས་འབྱུང་ཞིང་། པཎ་ཆེན་ཤཱཀ་མཆོག་པས་ཀྱང་། དེས་ན་རྙེད་བཀུར་གྱི་དོན་དུ་བརྫུན་ནམ་བཅོས་མའི་སྐད་ཆ་སྙན་པོ་བཤད་པས་ན་དེ་སྐད་ཅེས་བྱའོ། །