3460

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབང་པོ་ལྔ
Tibetan Definition 1 མིག་གི་དབང་པོ་ཟར་མའི་མེ་ཏོག་ལྟ་བུ། རྣ་བའི་དབང་པོ་གྲོ་ག་གཅུས་ནས་བཅད་པ་ལྟ་བུ། སྣའི་དབང་པོ་མོ་ཁབ་བམ་ཕྲ་ཁབ་ཉིས་གཤིབ་ལྟ་བུ། ལྕེའི་དབང་པོ་ཚེས་གསུམ་གྱི་ཟླ་བ་ལྟ་བུ་གཡས་གཡོན་གཉིས་ནས་བསྐོར་ཙམ་ཡོད་པ་རྟ་རྔ་ཙམ་གྱིས་དེ་གཉིས་མ་འཕྲད་པ། (དེ་གཉིས་ཕྲད་ན་ཟས་ཀྱི་བྲོ་བ་མི་ཚོར) ལུས་ཀྱི་དབང་པོ་བྱ་རིན་རྣ་འཇམ་གྱི་ཤུན་པ་ལྟ་བུའོ། །ཡང་། མིག་གི་དབང་པོ་ནི་མིག་གི་ཟླུམ་སྐོར་ན་མིག་འབྲས་ཀྱི་ནང་ན་གནས་པ་མི་མཐོང་བ་རྒུན་འབྲུམ་གྱི་འབྲས་བུའི་ཚད་ཙམ་པ་ཟི་རའི་མེ་ཏོག་དང་འདྲ་བར་གནས་པ་ཤིན་ཏུ་དྭངས་པའི་པགས་པས་གཡོགས་པའོ། །རྣ་བའི་དབང་པོ་ནི་གྲོ་ག་གཅུས་པ་ལྟ་བུ་རྣ་བའི་ནང་ན་གནས་པའོ། །སྣའི་དབང་པོ་ནི་དྲིལ་བུའི་ནང་གི་དྲིལ་ལྕེ་ལྟ་བུའོ། །ལྕེའི་དབང་པོ་ནི་ཟླ་བ་ཕྱེད་པ་ལྟ་བུའོ། །ལུས་ཀྱི་དབང་པོ་ནི་ལུས་ལྟ་བུར་གནས་སོ། །ཞེས་རྒྱ་གར་གྱི་སློབ་དཔོན་ཨ་བྷ་ཡ་ཀ་རས་གསུངས་སོ། །གཞན་ཡང་མིག་གི་དབང་པོ་ནི་མིག་གི་རྟེན་གྱི་འབྲས་བུའི་ནང་ན་རྒུན་འབྲུམ་གྱི་འབྲས་བུའི་ཚད་ཙམ། ཟི་རའི་མེ་ཏོག་ལྟ་བུ་ལྟར་མེད་པ་པགས་པ་དྭངས་པ་གཡོགས་པ་དང་བར་ན་གནས་པའོ། །རྣ་བའི་དབང་པོའི་རྡུལ་ཕྲ་རབ་ནི་གྲོ་གའི་མདུད་པ་ལྟ་བུར་གནས་སོ། །སྣའི་དབང་པོའི་རྡུལ་ཕྲ་རབ་ནི་མཚུལ་པའི་ནང་ལྟག་ཁུང་གི་ཐད་ཀ་ནས་མིག་སྨན་གྱི་ཐུར་མ་གཤིབས་པ་ལྟར་གནས། ལྕེའི་དབང་པོ་ནི་ཟླ་བ་ཁམ་པ་ལྟར་གནས། ལུས་ཀྱི་དབང་པོ་ནི་ལུས་བཞིན་དུ་གནས་སོ། །ཞེས་ཕུང་པོ་ལྔའི་རབ་བྱེད་ལས་གསུངས། ལོ་ཙཱ་བ་དཔལ་བརྩེགས་ཀྱིས་མཛད་པའི་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་ཞེས་བྱ་བ། སྡེ་དགེ་བསྟན་འགྱུར་༼ ཇོ་པ ༽༢༨༣བ༣ལས། དེ་ལ་མིག་གི་དབང་པོ་ནི་ཟར་མ་ཁ་བྱེ་བ་འདྲའོ། །རྣ་བ་གྲོ་བ་གཅུས་པ་འདྲའོ། །སྣ་ནི་མོ་ཁབ་གཤིབས་པ་འདྲའོ། །ལྕེ་ནི་ཟླ་བ་བཀས་པ་འདྲའོ། །ལུས་ནི་སེན་མོ་ཁྲབ་གྱོན་པ་འདྲའོ། །ཡིད་ཀྱི་དབང་པོ་ནི་རྣམ་པར་ཤེས་པ་དྲུག་འདས་མ་ཐག་པའོ། །ཞེས་གསུངས་སོ། །