From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| ཁ་ཊྭཱཾ་ག
|
| Tibetan Definition
|
(གསང་སྔགས) (ལེགས་སྦྱར) བོད་སྐད་དུ་བསྒྱུར་ན་ཡན་ལག་དྲུག་པ་ཞེས་བྱ་བ་ལྷ་ཡི་ཕྱག་མཚན་ཞིག ལུས་གཅིག་ལ་ཡན་ལག་དྲུག་ཡོད་པ་ལྟ་བུ་སྟེ། ཡུ་བ་ལུས་ལྟ་བུ་ལ། རྡོ་རྗེ་རྩེ་ལྔ་པ། མི་མགོ་གསུམ་ཡན་ལག་རེ་རེ། སྣ་ཚོགས་རྡོ་རྗེ། བུམ་པ་སྟེ་ཡན་ལག་དྲུག་གོ། རྒྱས་པར་བཤད་ན། ཤིང་གི་ཡུ་བ་དཀར་པོ་ (ཡུ་བ་དཀར་པོས་ནི་བྱང་སེམས་དཀར་པོ་སྟེ་ཕོའི་ཁམས་དཀར་པོ་མཚོན་ཏེ། རྗེའི་འདོད་འཇོ་ལས། ཕྱག་གསུམ་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་ཁ་ཊྭཱཾ་ག་དཀར་པོ་རྡོ་རྗེས་མཚན་པའོ། །ཞེས་གསུངས་པའི་ཕྱིར་རོ) ཟུར་བརྒྱད་ཀྱིས་དུར་ཁྲོད་བརྒྱད། ཡུ་བའི་མར་སྣེ་རྡོ་རྗེ་རྩེ་གཅིག་པས་སྲུང་འཁོར་མེ་རི་དང་བཅས་པ། གསེར་གྱི་བུམ་པས་གཞལ་ཡས་ཁང་། བུམ་པའི་རྩ་བར་བཏགས་པའི་སྣ་ཚོགས་པའི་བ་དན་གྱིས་ཐུགས་ཀྱི་གསང་བ། དྲིལ་ཆུང་གིས་གསུང་གི་གསང་བ། དེ་དག་གང་ལ་ལྡན་པའི་ཁ་ཊྭཱཾ་གས་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ། བུམ་པའི་སྟེང་གི་སྣ་ཚོགས་རྡོ་རྗེས་དམ་ཚིག་གི་འཁོར་ལོའི་སྒོ་མཚམས་མ་བརྒྱད། དེའི་སྟེང་གི་མི་མགོ་རློན་པ་ནག་པོས་ཐུགས་འཁོར་གྱི་དཔའ་བོ་དཔའ་མོ་བཅུ་དྲུག དེའི་སྟེང་གི་མི་མགོ་རྙིང་པ་དམར་པོས་གསུང་འཁོར་གྱི་དཔའ་བོ་དཔའ་མོ་བཅུ་དྲུག དེའི་སྟེང་གི་མི་མགོ་དཀར་པོས་སྐུ་འཁོར་གྱི་དཔའ་བོ་དཔའ་མོ་བཅུ་དྲུག (དཀར་དམར་གནག་པའི་མི་མགོ་གསུམ་གྱིས་རིམ་བཞིན་རྒྱལ་བའི་སྐུ་གསུང་ཐུགས་གསུམ་མཚོན། ཞེས་རྗེའི་འདོད་འཇོ་ལས་གསུངས་སོ) དེའི་སྟེང་གི་རྡོ་རྗེ་ནག་པོ་རྩེ་ལྔ་པའི་ཕྱོགས་རྭ་སྟེང་མ་བཞིས་བདེ་ཆེན་གྱི་འཁོར་ལོའི་ཡུམ་བཞི་དང་འོག་མ་བཞིས་ཡབ་བཞི། དབུས་རྭ་སྟེང་མས་ཡབ། འོག་མས་ཡུམ་སྟེ། མདོར་ན་བདེ་མཆོག་གི་ལྷ་དྲུག་ཅུ་རྩ་གཉིས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་མཚོན། དེ་ཐམས་ཅད་ཀྱང་གཙོ་བོ་ཡེ་ཤེས་ཀྱི་ཆ་ལས་གྲུབ་པ་ཡིན་པའི་ཕྱིར་གཙོ་བོ་ལ་འདུས་པས་ན་ཡབ་མཚོན་ཞིང་སྦས་པའི་ཚུལ་གྱིས་འཛིན་ཅིང་ཐབས་ཤེས་སྦྱོར་བ་མཚོན་ནོ། །རིང་ཐུང་གི་ཚད་ནི་ཁྲུ་གང་ནས་ལུས་ཚད་ཀྱི་བར་གང་བྱས་ཀྱང་རུང་བར་བཤད། དངུལ་ཆུའི་གསུང་རྣལ་འབྱོར་མའི་བསྐྱེད་རྫོགས་ཀྱི་ཟིན་བྲིས་དང་། རྗེའི་འདོད་འཇོ། ཀློང་རྡོལ་བླ་མའི་གསུང་བཅས་ལ་གཞི་བྱས།
|