3556

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབེན་པ་སྐྱབས་ཡོད་པ
Tibetan Definition (འདུལ་བ) འདུལ་བའི་སྐབས་སུ་དབེན་པ་སྐྱབས་ཡོད་པ་ན་ཞེས་མང་དུ་འབྱུང་བའི་སྐྱབས་དེ་ཅི་འདྲ་ཞིག་ལ་ཟེར་བ་ཡིན་ཞེ་ན། དེ་ནི་རྩིག་པའི་སྐྱབས། རིབ་མའི་སྐྱབས། ཡོལ་བའི་སྐྱབས། ཐིབས་པོའི་སྐྱབས། མཚན་མོའི་སྐྱབས་བཅས་ལ་ཟེར། སྐྱབས་ལྔ་པོ་གང་རུང་དང་ལྡན་ན་སྐྱབས་ཡོད་པར་བརྩི་དགོས། དཔེར་ན་དེ་ལྟ་བུའི་སྐྱབས་ལྔ་པོ་གང་རུང་དང་ལྡན་པའི་གནས་སུ་བཅས་ལྡན་དགེ་སློང་གིས་བུད་མེད་དང་ལྷན་ཅིག་འདུག་འགྲེང་བྱེད་པའམ་ཆོས་སྟོན་ན་ལྟུང་བྱེད་དུ་འགྱུར་བ་ཡིན་ནོ། །དེ་ཡང་འདུལ་བ་ལུང་རྣམ་འབྱེད་༼ ཆ་པ ༽༣༥ བ༡ལས། སྐྱབས་ཡོད་པ་ན་ཞེས་བྱ་བ་ནི་ལྔས་བསྐྱབས་པ་སྟེ། རྩིག་པས་བསྐྱབས་པ་དང་། རིབ་མས་བསྐྱབས་པ་དང་། ཡོལ་བས་བསྐྱབས་པ་དང་། ཐིབས་པོས་བསྐྱབས་པ་དང་། མཚན་མོས་བསྐྱབས་པ་ནའོ། །ཞེས་གསུངས་སོ། །