From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| དབྱར་བྱིན་རླབས་ཀྱི་ཆོ་ག
|
| Tibetan Definition
|
(འདུལ་བ) ཐོག་མར་གནས་བརྟན་གྱི་མདུན་དུ་ཕྱག་གསུམ་བཙལ་ཏེ་སྙན་གསན་ཞུ་བ་ནི། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་པ་གནས་བརྟན་འདུལ་བ་འཛིན་པ་དབྱར་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། གནས་བརྟན་དགོངས་སུ་གསོལ། བདག་མིང་ (རང་མིང་ནས་སྨོས) འདི་ཞེས་བགྱི་བ་མཚམས་ཀྱི་ནང་དང་བཅས་པའི་གནས་འདིར་དབྱར་སྔ་མ་ཟླ་བ་གསུམ་ (དབྱར་ཕྱི་མ་ཁས་བླངས་པ་ཡིན་ན་དབྱར་ཕྱི་མ་ཟླ་བ་གསུམ་ཞེས་ཁ་བསྒྱུར་དགོས) གནས་པར་ཁས་བླངས་པ་ལས་བདག་མིང་འདི་ཞེས་བགྱི་བ་ཆོས་ལྡན་གྱི་བྱ་བ་ཞིག་གི་སླད་དུ། དགུང་བདུན་མཚམས་ཀྱི་སླད་རོལ་དུ་མཆི་བ་དང༌། དེ་ཚུན་ཆད་ཀྱིས་སླར་མཆི་བར་བྱིན་གྱིས་བརླབ་བོ། །བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། ། (ལན་གསུམ། ཐབས་ལེགས་བྱ) (ཞག་གཅིག་སོགས་ལ་དགུང་གཉིས་ཞེས་སོགས་ཁ་བསྒྱུར་བར་བྱའོ) དབྱར་བྱིན་གྱིས་བརླབས་པའི་དགོས་པ་ནི། དབྱར་རལ་པའི་ཉེས་པ་མི་འབྱུང་བ་དང༌། ཚོགས་བྱིན་གྱིས་བརླབས་པས་བཅས་པའི་ས་མཚམས་ཟིན་པའི་དགོས་པའོ། །སྤྱིར་དབྱར་བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་དུ་ཞག་གཅིག་ཀྱང་གནས་པར་མི་རུང་ལ། གནས་ན་དབྱར་རལ་པའི་ཉེས་པར་འགྱུར་ཞིང༌། འོན་ཀྱང་ཆོས་ལྡན་གྱི་བྱ་བའི་སླད་དུ་ཞག་གཅིག་ནས་བདུན་གྱི་བར་གང་རུང་དུ་བྱིན་གྱིས་བརླབས་ནས་མཚམས་ལས་འདས་ཀྱང་ཉེས་པ་མི་འབྱུང་སྟེ། དེ་ནི་སངས་རྒྱས་ཀྱིས་གནང་བའོ། །
|