From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དབྱིག་གཉེན
|
Tibetan Definition
|
<ཝ་སུ་བནྡྷུ> འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་ནང་གསེས་རྒྱ་གར་གྱི་ནང་པའི་སློབ་དཔོན་གལ་ཆེན་པོ་ཞིག ལེགས་སྦྱར་དུ་ “ཝ་སུ་བཾདྷུ” वसुबंधुः Vasubandhu ཟེར། དབྱིག་དང་ནོར་གཉིས་དོན་འདྲ་བས། དབྱིག་གཉེན་ཞེས་པ་ནོར་གྱི་གཉེན་ཟེར་བ་ཡི། སློབ་དཔོན་དབྱིག་གཉེན་ནི། འཕགས་པ་ཐོགས་མེད་དང་ཡུམ་གཅིག་པའི་སྐུ་མཆེད་ཡིན་ལ། དུས་རབས་ལྔ་པ་ཙམ་ན་གཅེན་པོ་ཐོགས་མེད་རབ་ཏུ་བྱུང་བའི་ཕྱི་ལོར་བྲམ་ཟེ་གསལ་བའི་ཚུལ་ཁྲིམས་ཀྱི་སྲས་སུ་འཁྲུངས། དཔལ་ནཱ་ལེནྡྲར་རབ་ཏུ་བྱུང་ནས་ཉན་ཐོས་ཀྱི་སྡེ་སྣོད་གསུམ་མཐའ་དག་ལ་མཁས་པར་སྦྱངས། ད་དུང་ཆོས་མངོན་པའི་མཐའ་རྟོགས་པའི་ཕྱིར་དང་། སྡེ་པ་བཅོ་བརྒྱད་ཀྱི་གྲུབ་མཐའ་ངེས་པའི་ཕྱིར་དང་། རིག་པའི་གནས་མཐའ་དག་རྟོགས་པའི་ཕྱིར་དུ། ཁ་ཆེར་བྱོན་ནས་སློབ་དཔོན་དགེ་འདུན་བཟང་པོའམ་འདུས་བཟང་གཙོ་བོར་བསྟེན། བྱེ་བྲག་ཏུ་བཤད་པ་དང་། སྡེ་པ་བཅོ་བརྒྱད་ཀྱི་བསྟན་བཅོས་སོ་སོ་དང་། སྡེ་པ་སོ་སོའི་མདོ་སྡེ་དང་འདུལ་བ་མི་འདྲ་བའི་ཁྱད་པར་རྣམས་དང་། མུ་སྟེགས་པའི་ལྟ་བ་དྲུག་པོ་རྣམས་ཀྱི་གཞུང་ལུགས་མཐའ་དག་དང་། རྟོག་གེའི་ཚུལ་མཐའ་དག་ལ་བྱང་ཞིང་མཁས་པར་བྱས་ནས། ཡུལ་དེ་ཉིད་དུ་ཡང་ལོ་མང་པོར་རིགས་པ་དང་མི་རིགས་པ་རྣམ་པར་ཕྱེ་ཞིང་ཉན་ཐོས་ཀྱི་སྡེ་སྣོད་རྣམས་བཤད། སླར་ཡུལ་དབུས་སུ་བྱོན་པའི་ལམ་དུ་ཆོམ་རྐུན་དང་། ལམ་གྱི་གནོད་སྦྱིན་ལ་སོགས་པས་ལམ་དགག་མ་ནུས་པར་མ་ག་དྷར་བྱོན། དེར་ཡང་ལོ་འགའ་ཞིག་ཏུ་ཉན་ཐོས་ཀྱི་དགེ་འདུན་མང་པོ་ལ་རབ་ཏུ་རིག་པ་དང་ལྡན་པའི་ཆོས་མང་པོ་སྟོན་ཅིང་བཞུགས། དེའི་ཚེ་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ས་སྡེའི་གླེགས་བམ་གཟིགས་པས་ཐེག་ཆེན་ཐུགས་སུ་མ་ཆུད་ཅིང་། ལྷག་པའི་ལྷ་ལ་གསན་པ་ལ་ཐུགས་ཡིད་མ་ཆེས་ནས། ཀྱེ་མ་ཐོགས་མེད་ནགས་སུ་ལོ། །བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབས། །ཏིང་འཛིན་མ་གྲུབ་གླང་ཆེན་གྱི། །རྒྱབ་ཁལ་ལོངས་པའི་གྲུབ་མཐའ་བརྩམས། །ཞེས་ཐེག་ཆེན་གྱི་ཆོས་དང་གང་ཟག་ལ་སྐུར་བ་བཏབ་པ། གཅེན་གྱིས་གསན་པས་ལོག་སྒྲུབ་དོན་མ་ཡིན་པར་འགྱུར་བར་གཟིགས་ཏེ་དེ་བཟློག་པར་ཕྱིར། རང་གི་སློབ་མ་གཉིས་ལ་ས་བཅུ་པ་དང༌། བློ་གྲོས་མི་ཟད་པས་བསྟན་པ་འདོན་བཅུག་སྟེ། སྲོད་ལ་དབྱིག་གཉེན་གྱིས་ཐེག་ཆེན་འདི་རྒྱུ་བཟང་བ་ལ་འབྲས་བུ་ཁ་གཡེལ་བ་འདྲ་གསུང༌། ཕྱི་ཉིན་ཐོ་རངས་ཀྱི་དུས་རྒྱུ་འབྲས་གཉིས་ཀ་བཟང་བར་གཟིགས། སྐུར་བ་བཏབ་པ་ལ་ཤིན་ཏུ་འགྱོད་ནས། ཕྱིས་གཅེན་ལས་ཐེག་ཆེན་གྱི་ཆོས་མང་དུ་གསན་ཅིང་། ཐེག་ཆེན་ལ་སྐུར་བ་བཏབ་པའི་སྡིག་བཤགས་མང་དུ་མཛད། གཟུངས་སྔགས་མདོ་ལྔ་བརྒྱ་བཀླགས། གསང་བའི་བདག་པོའི་རིག་སྔགས་བཟླས་པས་གྲུབ། ཡང་དག་པའི་དོན་ཐུགས་སུ་ཆུད་ཅིང་། ཏིང་ངེ་འཛིན་ཁྱད་པར་ཅན་མངའ་བར་གྱུར། དེའི་ཚེ་རྒྱལ་བའི་བཀའ་མི་ཡུལ་ན་བཞུགས་པ་མཐའ་དག་ཐུགས་སུ་ཆུད་པས།་སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་སློབ་དཔོན་དབྱིག་གཉེན་ལྟ་བུའི་མང་དུ་ཐོས་པ་འགའ་ཡང་མེད་དོ་ཞེས་གྲགས་སོ། །དེ་ལ་ཉན་ཐོས་ཀྱི་སྡེ་སྣོད་གསུམ་ལས་མདོ་ལྔ་བརྒྱ་ཤོ་ལོ་ཀ་འབུམ་ཕྲག་གསུམ། འཕགས་པ་དཀོན་མཆོག་བརྩེགས་པ་འདུས་པ་ཞེ་དགུ་གཅིག་ཏུ་བསྡོམས། ཕལ་པོ་ཆེ་དང་། འདུས་པ་རིན་པོ་ཆེ་ཡང་རེ་རེར་བགྲངས། ལྷག་མ་ཤེར་ཕྱིན་འབུམ་པ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་སྡེ་ཆེ་ཆུང་ཀུན་བསྡོམས་པ་ལྔ་བརྒྱ་དང་། གཟུངས་སྔགས་ལྔ་བརྒྱ་སྟེ། དེ་དག་ཐམས་ཅད་ཚིག་དོན་མ་ལུས་པ་ཐུགས་སུ་བཞུགས་སོ། །ལོ་རེ་རེའི་ནང་དུ་ལན་རེ་ཞལ་འདོན་དུ་མཛད་དེ། ཏིལ་མར་གྱི་རྫིང་བུའི་ནང་དུ་བཞུགས་ནས་ཉིན་མཚན་སྦྲེལ་མ་བཅོ་ལྔས་དེ་རྣམས་ཚར་གཅིག་ཞལ་འདོན་དུ་གྲུབ་པར་མཛད་དོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བརྒྱད་སྟོང་པ་ཉིན་རེ་བཞིན་འདོན་པར་མཛད་པ་ཡང་ཆུ་ཚོད་གཅིག་གཉིས་ཙམ་རེ་ལ་གྲུབ་པར་མཛད་དོ། །བོད་ཀྱི་ལོ་རྒྱུས་ལྟར་ན་མངོན་པ་མཛོད་རྩ་བ་བརྩམས་ནས་ཁ་ཆེར་སློབ་དཔོན་འདུས་བཟང་ལ་བསྐུར་བས་དགྱེས་ཤིང་། དེའི་རང་འགྲེལ་གཟིགས་ཕུལ་ཞུས་པའི་མ་དགྱེས་ཏེ། རྩོད་པའི་དོན་དུ་མ་ག་དྷར་བྱོན་པ་ལ། སློབ་དཔོན་དབྱིག་གཉེན་གྱིས་བལ་ཡུལ་དུ་བྱོན་པ་ཡིན་ནོ་ཞེས་ཟེར་བའི་གཏམ་གསལ་པོ་རྒྱ་གར་ན་མེད་ཅིང་། འདུས་བཟང་མ་ག་དྷར་བྱོན་པའི་དབང་དུ་བཏང་ཡང་སྔ་མོར་ཡིན་པར་མངོན་པས། དབྱིག་གཉེན་བལ་ཡུལ་དུ་བྱོན་དུས། འདུས་བཟང་སྐུ་འདས་ནས་ལོ་མང་པོ་ལོན་པར་མངོན་ནོ། །སློབ་མ་ཡང༌། རང་མཁས་ཀྱི་སློབ་མ་བཞི་སྟེ། ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ། མངོན་པ་རང་ལས་མཁས་པ་སློབ་དཔོན་སློབ་དཔོན་བློ་གྲོས་བརྟན་པ། ཤེར་ཕྱིན་རང་ལས་མཁས་པ་འཕགས་པ་རྣམ་གྲོལ་སྡེ། འདུལ་བ་རང་ལས་མཁས་པ་སློབ་དཔོན་ཤཱཀྱ་འོད་སོགས་སློབ་མ་མཁས་པ་མང་དུ་བྱུང༌། སློབ་དཔོན་ཆེན་པོ་འདི་དང་བོད་ཀྱི་རྒྱལ་པོ་ལྷ་ཐོ་ཐོ་རི་མཉན་བཙན་དུས་མཉམ་པར་བྱོན་ནོ་ཞེས་གྲགས་པ་ལྟར་འཐད་པར་གསུངས། སློབ་དཔོན་དབྱིག་གཉེན་གྱིས་དགུང་ལོ་བརྒྱར་ཉེ་བ་བཞུགས་ཤིང་། ཕྱིས་དབྱིག་གཉེན་བལ་ཡུལ་དུ་ཧང་ངུ་ཞེས་པར་རབ་བྱུང་གི་ཆ་བྱེད་འཛིན་པ་སྡོམ་ཁྲིམས་ལ་མི་གནས་པ་ཆང་གི་བུམ་པ་ཐོགས་པ་གཟིགས་ནས། བསྟན་པ་ནུབ་འདུག་གསུངས་ནས་ཐུགས་སྐྱོ་སྟེ། རྣམ་རྒྱལ་ལྡོག་ནས་བཏོན་པས་སྐུ་མྱ་ངན་ལས་འདས་ཏེ། མཆོད་རྟེན་བརྩིགས་པ་ད་ལྟ་ཡང་ཡོད་པར་གྲག་གོ། སྒྲ་བཤད་ནི། ཤེས་རབ་ཀྱི་དབྱིག་དང་ལྡན་ཞིང་འགྲོ་བའི་གཉེན་དུ་གྱུར་པས་དབྱིག་གཉེན་ནོ། །བསྟན་བཅོས་ཀྱང་། བསྟན་འགྱུར་མདོ་ཕྱོགས་པོད་༼ ཀ་པར ༽«དཀོན་མཆོག་གསུམ་གྱི་བསྟོད་པ»༼ ནུ་པར ༽ «འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་རྣམ་པར་བཤད་པ»༼ ཕ་པར ༽ «འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་དང་། ཉི་ཁྲི་ལྔ་སྟོང་པ་དང་། ཁྲི་བརྒྱད་སྟོང་པའི་རྒྱ་ཆེར་བཤད་པ་བམ་པོ་ཉི་ཤུ་རྩ་བདུན་པ» (རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་བ། འདི་ལ་ཀུན་མཁྱེན་བུས་ཁ་ཅིག་དཾཥྚྲཱ་སེ་ནས་མཛད་ཟེར་མོད་ཀྱི། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་གཞུང་གི་འགྲེལ་པར་བཞེད་པ་ཉིད་འཐད་པར་རྟོགས་ཏེ། རྒྱ་འགྲེལ་རྣམས་སུ་ལུང་དྲངས་པའི་གཞུང་རྣམས་དེ་ན་མི་སྣང་བའི་ཕྱིར་འདིས་ལྟ་བ་སེམས་ཙམ་དུ་བཀྲོལ་ཞིང་། འདི་དང་འབུམ་ཊཱིཀ་ཆེ་བ་གཉིས་ཀ་སྒོ་གསུམ་རྣམ་གྲངས་བཅུ་གཅིག་ཏུ་འཆད་དོ་ཞེས་བཤད་དོ) ཞེས་བསྟན་འགྱུར་དཀར་ཆག་ཏུ་འབྱུང་ངོ་། །༼ མ་པར ༽«འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་གནས་བདུན་གྱི་རྒྱ་ཆེར་འགྲེལ་པ» བསྟན་འགྱུར་༼ ངི་པར ༽ «སངས་རྒྱས་རྗེས་སུ་དྲན་པའི་རྒྱ་ཆེར་འགྲེལ་པ» «ཚིགས་སུ་བཅད་པ་གཅིག་པའི་བཤད་པ» «འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་རྣམ་པར་བཤད་པ» «འཕགས་པ་ཆོས་བཞི་པའི་རྣམ་པར་བཤད་པ» «ག་ཡ་གོ་རིའི་མདོའི་རྣམ་པར་བཤད་པ» «འཕགས་པ་མདོ་སྡེ་ས་བཅུ་པའི་རྣམ་པར་བཤད་པ» ༼ ཅི་པར ༽ «འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ་པ» ༼ ཆི་པར ༽ «རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བཤད་པ་བམ་པོ་བཞི་པ་སློབ་དཔོན་བ་སུ་བནྡྷུས་མཛད་པ»༼ ཉི་པར ༽ «འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་པ»༼ ཕི་པར ༽ «ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་གྱི་བཤད་པ» ༼ པི་པར ༽«དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་པ» «ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་འགྲེལ་པ» ༼ རི་པར ༽ «ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ཐེག་པ་ཆེན་པོ་ལ་རབ་ཏུ་གནས་པ»༼ ཞི་པར ༽ «ཐམས་ཅད་རྣམ་རིག་ཙམ་དུ་སྟོན་པ་སུམ་ཅུ་པའི་ཚིག་ལེའུར་བྱས་པ» «ཕྱི་རོལ་གྱི་དོན་འགོག་པ་ཉི་ཤུ་པའི་ཚིག་ལེའུར་བྱས་པ» «ཉི་ཤུ་པའི་འགྲེལ་པ» «རང་གཞིན་གསུམ་ངེས་པར་བསྟན་པ» «ཕུང་པོ་ལྔའི་རབ་ཏུ་བྱེད་པ» «རྣམ་པར་བཤད་པའི་རིགས་པའི་མདོ་སྡེའི་དུམ་བུ་བརྒྱ» «རྣམ་བཤད་རིགས་པ» «རལས་གྲུབ་པའི་རབ་ཏུ་བྱེད་པ» ༼ ཀུ་ཁུ ༽གཉིས་ལ། «ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་དང་། དེའི་རང་འགྲེལ་ཆོས་མངོན་པའི་མཛོད་ཀྱི་བཤད་པ་བམ་པོ་སུམ་ཅུ་པ» ༼ ཐུ་པར ༽«བསྟན་བཅོས་ཚིགས་སུ་བཅད་པ་བསྡུས་པ་ཞེས་བྱ་བ» «ཚིགས་སུ་བཅད་པའི་དོན་བསྡུས་པ་ཞེས་བྱ་བའི་བསྟན་བཅོས»༼ གེ་པར ༽«ཡོན་ཏན་བདུན་ཡོངས་སུ་བརྗོད་པའི་གཏམ» «ཚུལ་ཁྲིམས་ཀྱི་གཏམ» «ཚོགས་ཀྱི་གཏམ» «འདོད་པའི་ཡོན་ཏན་ལྔའི་ཉེས་དམིགས་བཤད་པ»རྣམས་སོ། །ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་དང་། བུ་སྟོན་རིན་པོ་ཆེའི་ཆོས་འབྱུང་ལ་གཞི་བྱས། ཐང་སན་ཙང་གི་ལམ་ཡིག་ལ་གཞིགས་ན། སློབ་དཔོན་དབྱིག་གཉེན་སློབ་དཔོན་འདུས་བཟང་གི་སློབ་མ་ཡིན་པར་མི་སྣང་ཞིང་། འདུས་བཟང་དབྱིག་གཉེན་ལས་སྐུ་ན་གཞོན་པར་གསུངས་པ་སོགས་དཔྱད་པར་བྱ་བ་མང་དུ་སྣང་ངོ་། །དེའི་སྐོར་དོགས་གཅོད་འདུས་བཟང་གི་ལོ་རྒྱུས་ཐད་དུ་གཟིགས།
|